ལྕགས་ཟམ་ས་འགུལ་གནོད་ཐེབས་ཁུལ་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-08




    སྤྱི་ཟླ10ཚེས1ཉིན། ཀྲུང་གོ་གསར་པ་བཙུགས་ནས་ལོ73འཁོར། “9·5”ཡི་ལྕགས་ཟམ་རྫོང་གི་ས་འགུལ་གནོད་ཐེབས་ཁུལ་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་། ཞོགས་པ་ཉི་འོད་རབ་ཏུ་འཚེར་ཞིང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་སྐར་ལྔའི་དར་དམར་དལ་བུར་སྒྲེང་། སྐབས་སྡོད་ཁང་གསར་དུ་སྤོས་མ་ཐག་པའི་གནོད་ཐེབས་མང་ཚོགས་རང་འགུལ་ངང་རྒྱལ་དར་སྒྲེང་སྟེགས་ཀྱི་མདུན་དུ་བསྐྱོད་ནས་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་རེད།


 


    སྔ་དྲོའི་ཆུ་ཚོད10པར་གདན་ཐོག་གྲོང་རྡལ་གྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་གྱི་ཐང་ཆེན་དུ་གནོད་ཐེབས་མང་ཚོགས་མ་གྲོས་གཅིག་མཐུན་གྱིས་ལག་ཏུ་རྒྱལ་དར་ཆུང་ཆུང་ཁུར་ནས་རྒྱལ་དར་སྒྲེང་སར་འཛོམས། “རྒྱལ་དར་སྲུང་དམག་ཆུང་ཆུང”སློབ་མ4གྲལ་སྟར་འགྲིག་པོས་དར་ཆ་སྒྲེང་སྟེགས་ཀྱི་མདུན་དུ་བསྐྱོད།


 

 


    ཏག་ཏག་ཆུ་ཚོད10པར《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》དཀྲོལ་བ་དང་མཉམ་དུ་རྒྱལ་དར་དལ་བུར་སྒྲེང་ཞིང་། མི་སྣ་ཡོངས་ཀྱིས་གཟབ་ནན་ངང་སྐར་ལྔའི་དར་དམར་ལ་གུས་འདུད་ཞུས། ཡུལ་དངོས་སུ་དགའ་འབོད་དང་སྨོན་འདུན་གྱི་སྒྲ་གཅིག་ཏུ་འདྲེས་ནས་མེས་རྒྱལ་རླབས་པོ་ཆེ་དང་རོགས་སྐྱོར་མི་སྣ་རྣམས་ལ་ཐུགས་རྗེ་ཞུ་བའི་བསམ་པ་ཟབ་མོ་མཚོན།


 


    རྒྱལ་དར་སྒྲེང་བའི་མཛད་སྒོ་གྲོལ་རྗེས།《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་གླུ་སྒྲ་གང་སར་ཁྱབ། དེ་ནས་གདན་ཐོག་གྲོང་རྡལ་ལྟེ་བའི་སློབ་ཆུང་ནས་ཡོང་བའི་སློབ་མའི་འཐུས་མིས་སྐབས་སྡོད་བཀོད་སྒྲིག་བྱ་ཡུལ་གྱི་འཛུགས་སྐྲུན་པའི་འཐུས་མི་ཚོར་བཀའ་དྲིན་མཚོན་པའི་ཁ་བཏགས་ཕུལ།

 


    མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་ཏུ་རྒྱལ་དར་ཆུང་ཆུང་ཁུར་ནས《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་མཉམ་གླུ་ལེན། མཉམ་གཞས་གྲོལ་རྗེས“ཏང་གི་བཀའ་དྲིན་དྲན། མེས་རྒྱལ་ལ་དགའ། ཁྱིམ་གཞིས་གསར་པ་འཛུགས”ཞེས་པའི་མི་ཁྲི་ཡི་མིང་རྟགས་འགོད་པའི་བྱེད་སྒོ་སྤེལ་བ་རེད།

 

 


    ཉིན་དེའི་སྔ་དྲོར་འབོ་ཞབས་གྲོང་རྡལ་གྱི་སྐབས་སྡོད་བཀོད་སྒྲིག་བྱ་ཡུལ་དང་པོ་དང་། ལྕགས་ཟམ་རྫོང་གི་ཐང་ཆེན་དུ་དུས་མཉམ་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་རེད།


 

    ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་། ཁུལ་མགོ་ཁྲིད་ཚན་ཁག་བཞི་ཡི་འབྲེལ་ཡོད་མགོ་ཁྲིད་ཚོ་གདན་ཐོག་གྲོང་རྡལ་བཀོད་སྒྲིག་བྱ་ཡུལ་དང་འབོ་ཞབས་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་སོ་སོར་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་རེད། 

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1