༄༅།། སྙན་ངག་ཅིག་བཀླགས་རྗེས་ཀྱི་མྱོང་སྣང་།

སྒྲེན་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-08



སྒྲེན་པོ། 

         སྙན་ངག་འདི་བཀླགས་པའི་མོད་ལ་སྣང་བ་གཟུགས་སུ་ཕབ་པའི་ཉམས་སྣང་གསོན་པོ་ཞིག་གསལ་ལེར་བཤམས་ཐུབ་ཡོད་ཅིང་། ཚིག་དང་ཚིག་གི་བར་ན་རྐྱོང་ལྡེམ་གྱི་ཤུགས་ཆེ། སྙན་ངག་འགྲུབ་བྱེད་ཀྱི་སྐད་ཆ་ཚང་མ་ཞིབ་ཚགས་ལྡན་ལ་ངོས་གཙང་བ་དང་། ཚན་པ་རེ་རེའི་མཇུག་གི་ཚིག་དུམ་དེ་དག་གིས་སྙན་ངག་པའི་ནང་སེམས་ཀྱི་འགུལ་རྣམ་ཕྱོགས་སུ་བྲེས། མདོར་ན། སྙན་ངག་ཐུང་ཐུང་འདིའི་ཁོག་ཏུ་ཡིད་ཡུལ་བསྲེས་པ་ལས་གྲུབ་པའི་ཞིང་ཁམས་ཆེན་པོ་ཞིག་གཏེར་དུ་སྦས་ཡོད་པ། སྙན་ངག་པས་ལང་ཚོར་བཅངས་པའི་སེམས་རིས་གང་རུང་ཞིག་རྣམ་པ་སླ་བཅོས་དང་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་བསྟན་ཐུབ་ཡོད་པས། དེང་རབས་སྙན་ངག་གི་སྲོག་རྩ་ཟིན་ཡོད་པར་མཐོང་། དེ་མིན་ད་དུང་སྙན་ངག་ཁྲོད་བཀོལ་བའི་ཚོར་བརྗེ་ཡི་འབྲི་ཐབས་དང་བསྡུས་བརྗོད། རབ་བཏགས་སོགས་ཀྱི་རྒྱན་སྤྲས་སྟངས་ཀྱིས་སྐད་ཆ་སྔར་ལས་དབྱངས་འགྲོས་དང་ལྡན་པར་བྱས་ཡོད་ཅིང་། ཚོར་བའི་འཕེལ་འགྲིབ་ལ་བར་མཚམས་ཡོད་པ་དང་། ཚོར་བའི་ཡང་ལྕི་དོ་མཉམ་པ། སྐད་ཆའི་བབ་འགྲོས་དལ་ལྷོད་རན་པ་བཅས་སུ་བྱས་ཡོད།


         སྙན་ངག་འདིར་འཇུག་པའི་གོ་རིམ་དངོས་ཀྱི་ཁྲོད་དུ། སྙན་ངག་པས་ལང་ཚོ་ལ་ཁ་ཕྱིར་འཁོར་ནས་ལྟ་བཞིན་པའམ་ཡང་ན་ལང་ཚོའི་ཆོས་ཉིད་ལ་ལྟ་ཞིབ་པ་ཞིག་གི་ངོས་ནས་དཔྱོད་ཀྱིན་པའི་བཟོ་ལྟ་སྤྱད་དེ་སྙན་ངག་འགྲུབ་པར་བྱས་ཡོད། ང་ཚོ་མི་སུ་ལ་མཚོན་ནའང་། ན་ཚོད་ཆེ་རུ་རྒྱས་པའི་འགྲོས་དང་བསྟུན་ནས་ལུས་སེམས་རྒ་བས་ཟིན་ཏེ་ལང་ཚོའི་གསོན་ཤུགས་གཉོམ་ཞན་ཅན་དང་ལང་ཚོའི་རེ་བ་མ་ལུས་གང་འཚམ་དོན་སྨིན་མ་བྱུང་བའི་ན་ཟུག་དང་ཁོག་སྡུག་ཅི་རིགས་ཡོད་སྲིད་ལ། འགྲོ་བ་མིའི་སྲོག་གི་འདེགས་བྱེད་དུ་གྱུར་པའི་ལུས་ཕུང་གི་ཤ་སྐྱི་རིམ་གྱིས་ལྷོད་དེ་གདོང་ལ་མི་སྡུག་པའི་གཉེར་རིས་བབས་པ་དང་། མིག་གི་མདངས་ཉམས་ནས་རྒྱལ་མོའི་དྭངས་ཆ་མེད་པར་གྱུར་པ། དྲན་པ་ཉམས་ནས་སྨྲ་སྒོའི་སྐད་ཆ་ཅི་རིགས་ཀྱང་རང་གི་མཁོ་འོག་ཏུ་མི་འདུ་བ་བཅས་ཀྱི་རྣམ་པ་རིམ་པར་ཐོན་འོང་ན། གཞི་ནས་གཞོན་པའི་དུས་སུ་སྣ་གླུ་མཐོ་རུ་བླངས་ནས་སྣང་བ་རླུང་ལ་སྤུར་མྱོང་བའི་དྲན་པ་དེ་དག་དང་། ཡང་ན་སེམས་སུ་བག་ཆགས་ཟབ་མོ་བཞག་མྱོང་བའི་ན་ཆུང་དུས་ཀྱི་གླུ་སྐད་འདྲིས་ཡོད་ཅིག་སླར་ཡང་རྣ་ལམ་དུ་རྒྱུ་བ་སོགས་གང་གི་དུས་སྐབས་སུའང་། ལང་ཚོའི་བཀྲག་མདངས་དུས་ཚོད་ཀྱི་སད་ཀྱིས་བཅོམས་ཏེ་ལུས་པོ་དང་སེམས་ཁམས་གང་གི་ཆ་ནས་ཅུང་འཁོས་ཞན་དུ་གྱུར་པའི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་རང་སེམས་རང་གིས་གསོ་བའི་སྣང་ཚུལ་འབྱུང་ངེས་པ་ནི་ཆོས་ཉིད་ཅིག་ཅི་ལ་མིན།


         སེམས་ཀྱི་དར་ལྕེ་ལྷབ་ལྷུབ་ཀྱིས་ལང་ཚོའི་དུས་སྐབས་ཀྱི་བློ་རྩ་བརྟན་པོ་མིན་པའི་ཆ་དང་ཡང་ན་ངར་ཤུགས་འདང་ངེས་ཡིན་པའི་ཆ་ཞིག་མངོན་ཐུབ་ལ། དབུགས་རྒྱུན་གྱི་བྱིལ་བྱིལ་ཞེས་པའི་ཚིག་ངོས་ཀྱིས་རང་སེམས་ལ་སེམས་གསོ་གཏོང་བཞིན་པའི་ཆ་ཞིག ན་ཆུང་གི་རྩེད་འཇོ་གྲིབ་མར་འཕྱོ་བཞིན་པ་ལས་ལང་ཚོའི་གསོན་ཉམས་ལ་མྱོང་རོལ་བྱས་ཏེ་སྨོན་སེམས་སྐྱེ་བཞིན་པའི་ཆ་ཞིག་བཅས་མངོན་ཆུང་གི་ཚུལ་གྱིས་བསྟན་ཡོད་པར་མ་ཟད། དེ་མིན་ད་དུང་དར་ལྕེ་ཡ་ཡོ་མི་བརྟན་པ་དེའང་དེང་སྐབས་རླུང་ལ་འབྱར་ཚར་བ་དང་། ལང་ཚོ་ཡལ་ནའང་བརྩེ་དུང་ནི་མ་ཡུམ་གྱིས་ཁྱེའུ་ལུས་སེམས་གཉིས་ཀས་གཅེས་སྙོར་བྱེད་པ་ནང་བཞིན་ནམ་ཡང་སེམས་ངོགས་སུ་གནས་པར་བརྟེན། ལང་ཚོ་ཡལ་ནའང་བརྩེ་དུང་སེམས་སུ་ཉར་བ་ལ་སེམས་གསོའི་ཚུལ་དུ“བྱིལ་བྱིལ”ཞེས་པའི་ཐ་སྙད་ཚད་དང་རན་པ་འདི་བཀོལ་བ་བསྟོད་པའི་གནས་སུ་འདོད།


         སྙན་ངག་འདིའི་མཚོན་སྟངས་ཀྱི་ཆ་ནས་བཤད་ན། ཕྱི་དང་ནང་གི་མཐོང་སྣེ་རེས་མོས་ཀྱིས་བཀོལ་ཡོད་ཅིང་། མཐོང་སྣེ་རིམ་སྤོར་བྱས་ཏེ་བཀོལ་བའང་ཚོར་བའི་ཁམས་ཆེ་ནས་ཆེ་རུ་བསྐྱེད་པའི་གྲོགས་དན་ལྟ་བུར་གྱུར་འདུག ནང་གི་མཐོང་སྣེ་ནས་ལང་ཚོར་ལྟ་སྐབས་ཤ་སྐྱི་ལྷོད་པ་ལྟར་འབྲེལ་འདྲིས་ཀྱི་གདངས་ནུབ་པ་དང་། མིག་ཞགས་ལྷོད་པ་ལྟར་ལས་ཀྱི་དབང་རྩ་ཉམས་པ། ཡང་ན་སྐད་ཆ་བོར་བ་ལྟར་དྲན་པས་ཅེར་བ་ལྟ་བུའི་དཔེ་འཇོག་ཚང་མ་མིའི་བྱ་བྱེད་རང་ངོས་ལ་སྦྱར་ནས་བྲིས་ཡོད་པས། ཀློག་པའི་གོ་རིམ་ཁྲོད་མྱོང་སྣང་གིས་ཟིན་སླ་བའི་ཁྱད་ཆོས་ལྡན་ལ། ཕྱིའི་མཐོང་སྣེ་ནས་ལང་ཚོར་ལྟ་སྐབས་སེམས་ཀྱི་དར་ལྕེ་ལྷབ་ལྷུབ་རླུང་ལ་འབྱར་ཟིན་པ་དང་དབུགས་རྒྱུན་གྱི་བྱིལ་བྱིལ་ཁྲག་ལ་འདྲེས་ཚར་བ། ན་ཆུང་གི་རྩེད་འཇོ་གྲིབ་ངོགས་ན་འཕྱོ་ལྡིང་གིས་གར་དུ་རྩེན་བཞིན་པ་ལྟ་བུ་འགུལ་བཅས་དང་འགུལ་མེད་ཀྱི་རྣམ་པ་གཉིས་ཡིད་གཟུགས་གཅིག་གམ་ཚིག་དུམ་གཅིག་གི་ཁྲོད་དུ་ཉམས་ལྡན་གྱི་སྒོ་ནས་བསྟན་ཡོད་པས། ཀློག་པའི་གོ་རིམ་ཁྲོད་དུ་སྙན་ངག་གི་ཁ་ཞེང་ནང་ནས་ཕྱི་རུ་རིམ་བཅར་གྱིས་ཆེ་རུ་སྐྱེད་ཀྱིན་པའི་ཕན་འབྲས་དངོས་ཐོན་འདུག


         མི་ཞིག་གི་ལང་ཚོར་ཡོད་འོས་པའི་གླུ་སྐད་དང་བརྩེ་དུང་། ན་ཟུག་བཅས་ཚོར་བའི་འགུལ་རྣམ་ཞིག་གི་ཁྲོད་བཞག་སྟེ་ཡིད་གཟུགས་རིམ་བརྩེགས་ཀྱིས་སྣོན་མ་བྱས་པའི་ཁར། སྐད་ཆ་ཞུན་བརྡར་ཆོད་པས། གཞི་ནས་སྙན་ངག་གི་ཤོང་ཚད་ཇེ་ཆེར་སོང་ཡོད་ཅིང་སྙན་ངག་གི་རྐྱོང་ཤུགས་ཇེ་ཆེར་བཏང་བ་དང་། བསམ་པའི་འཆར་སྒོ་ཇེ་ཡངས་སུ་བཏང་བ། ལྡེམ་ཤུགས་ཇེ་དྲག་ཏུ་བཏང་ཡོད་པར་བརྟེན། སྙན་ངག་པའི་སྟོན་འདོད་ཀྱི་སེམས་ངོ་ཚང་མ་ཚིག་དང་ཚིག་གི་འཕར་ལྡིང་བར་ན་མདུན་ནས་མདུན་དུ་ཆས་ཀྱིན་འདུག


         མཚན་ཉིད་རིག་པ་དང་ཆོས་ལུགས། ཚན་རིག མིའི་ཤེས་རབ་བཅས་ནི་རྩ་འཛུགས་སྔོན་དུ་སོང་བའི་གཏན་ཚིགས་གསལ་པོ་ཞིག་ཡིན་ནའང་། མིའི་ཚོར་བ་ནི་དེ་ལྟ་མ་ཡིན་པར་སྟོན་དཀའ་ཞིང་སྨྲ་མི་བཏུབ་པའི་ཟུག་གཟེར་ལྟ་བུ་ཞིག་ཡིན། ཚོར་སྣང་ངམ་སེམས་ངོ་སྟོན་བྱེད་ཀྱི་ཐབས་ལམ་ཉག་གཅིག་ནི་སྒྱུ་རྩལ་ཡིན། སྒྱུ་རྩལ་དང་སྐད་ཆ་ནི་མིའི་རིགས་ཀྱི་ལག་ཆ་ཆེན་པོ་གཉིས་ཡིན། སྒྱུ་རྩལ་གྱིས་སེམས་ཁམས་ཉེ་བར་སྟོན་གྱིན་ཡོད་ཅིང་། སྐད་ཆས་བསམ་བློར་ཞབས་འདེགས་སྒྲུབ་ཀྱིན་ཡོད། དེ་བས་སྙན་ངག་འདི་བཀླགས་པའི་མོད་ལ། སྙན་ངག་པ་ཁོ་རང་རེའི་སྐད་ཆར་བྱང་ཆ་ངེས་ཅན་ཡོད་ཅིང་། དེང་རབས་སྙན་ངག་འབྲི་བ་ལའང་མྱོང་གོམས་དང་སྦྱངས་པ་སྔོན་དུ་སོང་ཡོད་པར་མ་ཟད། སྙན་ངག་བྲི་བར་མཁོ་བའི་ཚོར་དབང་ཅུང་དམིགས་བསལ་ཞིག་ཡོད་པའང་ཞོར་ལ་རྟོགས་ཐུབ་སྙམ། །




 ལང་ཚོ།


 དུང་བུ་ཆོས་འབུམ་རྒྱལ།


 ཤ་སྐྱི་ལྷོད་པ་ལྟར།

 འབྲེལ་འདྲིས་ཀྱི་གདངས་ནུབ་ནའང་།

 གླུ་སྐད་ཅིག་སླར་ཡང་།

 ང་ལ་མཆེད་པས།

 སེམས་ཀྱི་དར་ལྕེ་ལྷབ་ལྷུབ་རླུང་ལ་འབྱར།

 མིག་ཞགས་ལྷོད་པ་ལྟར།

 ལས་ཀྱི་དབང་ཉམས་ནའང་།

 བརྩེ་དུང་སྔར་བཞིན།

 ང་ཡིས་བསྙོར་བས།

 དབུགས་རྒྱུན་གྱི་བྱིལ་བྱིལ་ཁྲག་ལ་འདྲེས།

 སྐད་ཆ་བོར་བ་ལྟར།

 དྲན་པས་ཅེར་ནའང་།

 ན་ཟུག་ད་དུང་།

 འཇགས་ཐབས་བྲལ་བས།

 ན་ཆུང་གི་རྩེད་འཇོ་གྲིབ་མར་འཕྱོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1