འཚོ་བཅུད་ལེགས་གཏོང་འཆར་གཞི་ལས་གྲོང་གསེབ་ཀྱི་སློབ་མ་མི་ཐེངས་དུང་ཕྱུར་3.5ལ་ཕན་པ་ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-11



 

     འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཡུའེ།

     ● 2021ལོའི་ལོ་མཇུག་བར། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལས་སློབ་མ་མི་ཐེངས་དུང་ཕྱུར་3.5ལ་ཕན་པ་ཐོབ་ཡོད།

     ● 2012ལོ་ནས་2021ལོའི་བར་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱ་ཡུལ་ས་ཁུལ་གྱི་བུ་དང་བུ་མོའི་ཆ་སྙོམས་གཟུགས་པོའི་རིང་ཚད་རིམ་རྩིས་བྱས་ན་ལི་སྨི་4.2དང་ལི་སྨི་4.1རིང་དུ་ཕྱིན་པ་དང་ཆ་སྙོམས་གཟུགས་པོའི་ལྗིད་ཚད་རིམ་རྩིས་བྱས་ན་སྤྱི་རྒྱ་3.5དང་སྤྱི་རྒྱ་3.3འཕར་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་སློབ་མའི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད།

     གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོཌ་བྱུང་བར། 2021ལོའི་ལོ་མཇུག་བར། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལས(གཤམ་དུ“འཚོ་བཅུད་ལེགས་གཏོང་འཆར་གཞི”ཞེས་བསྡུ་རྒྱུ)སློབ་མ་མི་ཐེངས་དུང་ཕྱུར་3.5ལ་ཕན་པ་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སློབ་གསོ་པུས་ནོར་སྲིད་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ཁྲོམ་ར་ལྟ་སྡོམ་སྤྱི་ཁྱབ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་བཏང་བས། ཚོད་ལྟའི་ས་ཁུལ་གྱི་སློབ་མའི་འཚོ་བཅུད་བདེ་ཐང་གནས་ཚུལ་ཇེ་ལེགས་སུ་ཕྱིན་ཡོད་ལ་གཟུགས་པོའང་དེ་བས་ཐང་དུ་ཕྱིན་ཡོད་པ་རེད།

     —— འཚོ་བཅུད་བཟའ་བཅའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས་ཁ་ལག་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་བཏང་བ།

     ལ་ཕུག་ཤ་བརྔོས་དང་། ཏུང་ཀྭ་བརྔོས་མ། སྔོ་ཚལ་བརྔོས་མ། ཕིང་ཤའི་ཐང་། ཀུ་ཤུ། འོ་མ་སོགས་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་གྱི་སློབ་ཆུང་བཅུ་གཅིག་པའི་ཡོངས་བསྒྲགས་སྒྲོམ་སྟེགས་སུ་ཉིན་རེའི་འཚོ་བཅུད་ལྡན་པའི་དགུང་ཟས་ཀྱི་ཚལ་ཐོ་གསལ་པོར་བཀོད་ཡོད། ལོ་རིམ་ལྔ་པའི་འཛིན་གྲྭ་བཞི་པའི་སློབ་མ་ཁྲེན་ཤིས་སློབ་གྲྭའི་དགུང་ཟས་ལ་ཧ་ཅང་དགའ་པོ་ཡོད། ཁོང་གིས“སློབ་གྲྭའི་དགུང་ཟས་ཀྱི་འཚོ་བཅུད་ཕུན་སུམ་ཚོགས་ལ་བྲོ་བའང་ཧ་ཅང་ཞིམ་པོ་འདུག”ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ཀུའེ་ཀྲོའུ་ཞིང་ཆེན་གྱིས་2021ལོར་འཚོ་བཅུད་ལེགས་གཏོང་གི་འཆར་གཞི“སྤུས་ཚད་མཐོར་གཏོང་བྱ་སྤྱོད”སྤེལ་ནས་ཟས་སྦྱོར་ལུགས་མཐུན་དང་ཁ་ལག་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་སློབ་མ་ཚོ་གྲོད་པ་རྒྱགས་ཐུབ་པ་མ་ཟད། ཚན་རིག་དང་མཐུན་པའི་འཚོ་བཅུད་ཀྱང་རག་ཐུབ་པ་བྱས་ཡོད།

     དེ་ནི་ས་གནས་ཁག་གིས་ཁ་ལག་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སློབ་མའི་འཚོ་བཅུད་དང་བདེ་ཐང་གི་གནས་ཚུལ་མུ་མཐུད་ལེགས་སུ་བཏང་བའི་བསྡུས་རིས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་དང་བཟའ་བཅའི་ཁ་གསབ་ཚད་གཞི་ཐེངས་གཉིས་མཐོ་རུ་བཏང་ནས་སློབ་མ་རེར་ཉིན་རེར་སྒོར་3ནས་སྒོར་5བར་མཐོ་རུ་བཏང་བས“གྲོད་པ་རྒྱགས་པ”ནས“ཟ་རྒྱུ་ཡག་པའི”བར་འགྱུར་ལྡོག་བྱུང་ཡོད།

     —— བཟའ་འཐུང་གི་ཆ་རྐྱེན་ལེགས་སུ་བཏང་བས་སློབ་གྲྭའི་ཟ་ཁང་དུ་ལྟོ་ཆས་མཁོ་འདོན་བྱེད་ཚད་མང་དུ་ཕྱིན་པ།

     མཚོ་སྔོན་ཞིང་ཆེན་དུ་རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ནོར་སྲིད་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ལག་བསྟར་ཇུས་གཞི་དང་། མ་དངུལ་དོ་དམ་བྱ་ཐབས། འཚོ་བཅུད་ལེགས་གཏོང་གི་ཕྱོགས་སྟོན་སོགས་འབྲེལ་ཡོད་ལམ་ལུགས་བཟོས་ཡོད། དེ་དང་ཆབས་ཅིག་སློབ་གྲྭའི་ཟ་ཁང་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན། ཉམས་བཟོ་སྒྱུར་བཀོད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“ཀུན་གསལ་ཐབ་ཚང”དང“ལྗང་མདོག་ཟ་ཁང”སོགས་གཏོད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་པས་མཚོ་སྔོན་དུ་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཟ་ཁང་སྤྱིར་ན་ཕྱོགས་ཡོངས་ལ་ཁྱབ་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། བཟའ་འཐུང་གི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་དང་སློབ་གྲྭའི་ཟ་ཁང་གི་ཁ་ལག་མཁོ་འདོན་བྱེད་ཚད་མཐོ་རུ་གཏོང་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭར་ཟ་ཁང་སྒྱུར་བཀོད་ཀྱི་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས་ཚོད་ལྟའི་ས་ཁུལ་ལ་ཟ་ཁང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཡོད། དེ་དང་ཆབས་ཅིག་ས་གནས་ཁག་གིས་རྣམ་གྲངས་དང་མ་དངུལ་སྤྱི་འདོམས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཟ་ཁང་སྐྲུན་ཤུགས་སྔར་བས་ཆེ་རུ་བཏང་ཡོད། 2021ལོའི་ལོ་མཇུག་བར་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་ལེན་བསྟར་བའི་ས་ཁུལ་དུ་ཁ་ལག་མཁོ་འདོན་བྱེད་མཁན་སློབ་གྲྭ་76%བཟུང་བ་དེའི་ནང་རྒྱལ་ཁབ་ཚོད་ལྟའི་རྫོང་གི་སློབ་གྲྭའི་ཟ་ཁང་གིས་ཁ་ལག་མཁོ་འདོན་བྱེད་ཚད་90%ཙམ་ཟིན་ཡོད།

     —— སློབ་མའི་འཚོ་བཅུད་དང་བདེ་ཐང་གི་གནས་ཚུལ་ཇེ་ལེགས་སུ་ཕྱིན་ཡོད་ལ་གཟུགས་པོའང་དེ་བས་ཐང་དུ་ཕྱིན་པ།

     ཀྲུང་གོ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞིར་གཞིགས་ན། 2012ལོ་ནས་2021ལོའི་བར་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱ་ཡུལ་ས་ཁུལ་གྱི་བུ་དང་བུ་མོའི་ཆ་སྙོམས་གཟུགས་པོའི་རིང་ཚད་རིམ་རྩིས་བྱས་ན་ལི་སྨི་4.2དང་ལི་སྨི་4.1རིང་དུ་ཕྱིན་པ་དང་ཆ་སྙོམས་གཟུགས་པོའི་ལྗིད་ཚད་རིམ་རྩིས་བྱས་ན་སྤྱི་རྒྱ་3.5དང་སྤྱི་རྒྱ་3.3འཕར་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་སློབ་མའི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད། 2021ལོར་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ཀྱི་སློབ་མའི་འཚར་ལོངས་འགྱངས་ཚད་2.5%ཟིན་ནས་2012ལོ་ལས་བརྒྱ་ཆའི་གྲངས་5.5ཆག་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་ལེན་བསྟར་བ་དེས་སློབ་མའི་འཚོ་བཅུད་དང་བདེ་ཐང་གི་གནས་ཚུལ་ལེགས་སུ་ནུས་ལྡན་ཕྱིན་པ་དང་སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ནས་སློབ་མར་འཚོ་བཅུད་མི་འདང་བའི་རྐྱེན་གྱིས་སློབ་གསོ་ཐོབ་པའི་ཁེ་དབང་དང་ཕན་འབྲས་འགན་ལེན་ནུས་ལྡན་ཐུབ་ཡོད། གཞན་ཡང་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ས་གནས་ཁག་གིས་ཐག་ཉེ་ས་ནས་བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་ཐོན་སྐྱེད་སྡེབ་སྐྱེལ་རྟེན་གཞི་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་གྲྭའི་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོ་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཉིས་གནད་སྨིན་འབྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། ལས་གནས་འབོར་ཆེན་མཁོ་འདོན་བྱས་པས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1