རི་གྲོང་དབུལ་པོར་ཕྱུག་འགྱུར་མེ་ཏོག་བཞད་པར་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-11



སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་མའོ་ཧྲུའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་ཝང་ཧུའེ་ཡིས། 

རི་གྲོང་དབུལ་པོར་ཕྱུག་འགྱུར་མེ་ཏོག་བཞད་པར་བྱས། 

འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཁའེ་ཤོན། 


         སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་མའོ་ཧྲུའེ་གྲོང་ཚོ་ནི་དམར་དམག་རྒྱང་སྐྱོད་སྐབས་བརྒལ་མྱོང་བའི་ཅ་ཅིན་ཧྲན་རི་བོའི་འདབས་སུ་གནས་པ་དང་དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཙམ་ཟིན་ཞིང་། རི་བོ་མཐོ་ལ་གཡང་གཟར་བ་དང་ས་རྒྱུ་ཞན་པས་དེ་སྔ་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་པ་རེད།

        ཁྲེན་ཝང་ཧུའེ་ཡིས་དེ་སྔ་གྲོང་རྡལ་དུ་ཟ་ཁང་དང་ཨར་ཁང་གཉེར་བས་མའོ་ཧྲུའེ་གྲོང་ཚོར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ལ་གྱུར། “ཡུལ་མི་ཚོའི་འཚོ་བ་སྐྱོ་པོ་ཡིན་པ་མཐོང་སྐབས་སེམས་སྐྱིད་པོ་མི་འདུག”2010ལོའི་ལོ་མཇུག་ཏུ་ཡུལ་མི་ཚོས་ཁྲེན་ཝང་ཧུའེ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས། དེ་ནས་བཟུང་ཁོང་གིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་དབུལ་སྒྲོལ་གྱི་འགན་འཁྲི་ཕྲག་ཏུ་འཁུར།

        མའོ་ཧྲུའེ་གྲོང་ཚོ་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡག་པོ་མེད་པ་དང་། ཞིང་ཁར་ད་དུང་ཕག་རྒོད་ཀྱིས་རྟག་ཏུ་གཏོར་བཤིག་གཏོང་གི་ཡོད། ཕག་རྒོད་ཀྱིས་གཏོར་བཤིག་བཏང་བའི་ཞིང་ཁར་ལྟ་ཞིབ་བྱེད་སྐབས། ཁྲེན་ཝང་ཧུའེ་ཡིས་གློ་བུར་དུ་ཞིང་ཁའི་འགྲམ་གྱི་རྒྱ་སེ་མེ་ཏོག་ལ་གནོད་སྐྱོན་ཕོག་མེད་པ་མཐོང་། “རྒྱ་སེ་མེ་ཏོག་བཏབ་ན། ཕག་རྒོད་ཀྱིས་གཏོར་བཤིག་མི་གཏོང་བ་མ་ཟད། དཔལ་འབྱོར་གྱི་རིན་ཐང་ཡང་ཆེན་པོ་ཡོད་པས”ཁྲེན་ཝང་ཧུའེ་ཡིས་ཚོད་ལྟ་བྱ་རྒྱུའི་ཐག་བཅད་པ་རེད།

        རྒྱ་སེ་མེ་ཏོག་གི་ཐོན་ལས་ལ་རྟོག་ཞིབ་བྱ་ཆེད། ཁྲེན་ཝང་ཧུའེ་ཡིས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་། འཁོར་གསུམ་རྐང་འཁོར། འདྲུད་འཐེན་འཕྲུལ་འཁོར་སོགས་བསྡད་ནས། ས་གནས་ཁག་གི་རྒྱ་སེ་མེ་ཏོག་འདེབས་འཛུགས་རྟེན་གཞིར་བསྐྱོད་དེ་འདེབས་འཛུགས་དུད་ཚང་གི་ས་ནས་སོན་བཟང་འདེབས་གསོ་དང་ཞིང་ནང་གཡོག་བྱེད་སོགས་ཀྱི་ཤེས་བྱ་སྦྱངས་པས་ཟླ་བ་ཁ་ཤས་ནང་འདེབས་འཛུགས་ལག་རྩལ་སྤྱིར་ན་ཁོང་དུ་ཆུད་པ་རེད།

        གྲོང་ཚོར་ལོག་རྗེས་ཁྲེན་ཝང་ཧུའེ་ཡིས་རྒྱ་སེ་མེ་ཏོག་གི་སྣ་ཁ་8ཚོད་འདེབས་བྱས་ཤིང་། མའོ་ཧྲུའེ་གྲོང་ཚོའི་ས་ཆུ་རྒྱ་སེ་མེ་ཏོག་སྐྱེ་འཚར་ལ་ཧ་ཅང་འཚམ་པོ་ཡོད། མེ་ཏོག་ཆེ་ལ་མཐུག་པའི་ཁར་ལས་སྣོན་བྱས་པའི་སྣུམ་གྱི་སྤུས་ཚད་ཀྱང་རིགས་གཅིག་པའི་ཐོན་རྫས་ལས་ལེགས་པ་ཡོད། “རི་སུལ་དབུལ་པོར་ཕྱུག་འགྱུར་གྱི་ཐབས་ལམ་རྙེད”པས་ཁྲེན་ཝང་ཧུའེ་ཡི་སེམས་ཤུགས་རབ་ཏུ་འཕེལ། དེ་རྗེས་ཁོང་གིས་རྒྱ་སེ་མེ་ཏོག་ཐོན་ལས་མཉམ་ལས་ཁང་བཙུགས་ནས་ཏང་ཡོན་ལས་བྱེད་པར་དཔེ་སྟོན་སློབ་ཁྲིད་བྱས་པ་དང་། རྒྱ་སེ་མེ་ཏོག་གི་ཚོང་ཡག་པོ་མེད་པའི་སྐབས་སུ་ཁོང་གིས་རྒྱ་སེ་མེ་ཏོག་ལ་ཁྲོམ་རའི་རིན་གོང་ལས་མཐོ་བ་སྤྲད་དེ་བསྡུ་གི་ཡོད་པས་ཚང་མའི་སེམས་ཤུགས་ཆག་མེད། 2016ལོར་ཁྲེན་ཝང་ཧུའེ་མའོ་ཧྲུའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཤིང་། ཁོང་གིས་རང་ཉིད་ཀྱི་གསོག་དངུལ་བཏོན་ནས་རྒྱ་སེ་མེ་ཏོག་ལས་སྣོན་བཟོ་གྲྭ་གྲབས་འཛུགས་བྱས་པ་དང་སྒྲིག་ཆས་གསར་པ་དང་ཐོན་སྐྱེད་བརྒྱུད་རིམ་ནང་འདྲེན་བྱས་པ་རེད། རྒྱ་སེ་མེ་ཏོག་སྐམ་པོའི་ཇ་ལོ་དང་རྒྱ་སེ་མེ་ཏོག་གི་བཅུད་སྣུམ་སོགས་ཐོན་རྫས་རིགས་10ལྷག་གསར་སྤེལ་བྱས་པས་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་བ་རེད།

        མའོ་ཧྲུའེ་གྲོང་ཚོའི་འཚོ་བ་ཡག་ཏུ་ཕྱིན་ནས་ཁྲེན་ཝང་ཧུའེ་ལ་ཡང་དམིགས་ཚད་གསར་པ་ཞིག་བྱུང་བ་སྟེ། “དབུལ་སྐྱོར་རྒྱ་སེ་མེ་ཏོག”བཙན་ལྷ་རྫོང་གི་གང་སར་བཞད་པར་བྱ་རྒྱུ་དེ་རེད། ཁོང་གིས་ས་ཕྱོགས་གང་སར་བསྐྱོད་དེ་རྒྱ་སེ་མེ་ཏོག་འདེབས་འཛུགས་ལག་རྩལ་ཉེ་འཁོར་གྱི་གྲོང་ཚོ་40ལྷག་ཙམ་ལ་ཁྱབ་གདལ་བཏང་། ཁོང་གིས“ཀྲི་པུའུ་དང་། ཀུང་སི། མཉམ་ལས་ཁང་། ཞིང་དུད། རྟེན་གཞི”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཐུབ་པས། ཞིང་དུད་ཀྱིས་རང་ཁྱིམ་གྱི་ས་ཞིང་ཐོག་འདེབས་འཛུགས་དང་སྔོག་འཐུ་ཡག་པོ་བྱས་ཚེ་ཡོང་འབབ་གསོག་ཐུབ། བཙན་ལྷ་རྫོང་ཤིན་ཆའོ་ཤང་གུང་ཧོ་གྲོང་ཚོའི་གྲོང་མི་ཡུས་ཕུའུ་ལེའང་གིས་མུའུ་4ཡི་རྒྱ་སེ་མེ་ཏོག་བཏབ་པ་དང་ད་ཆ་མུའུ་རེའི་ཡོང་འབབ་སྒོར་ཁྲི་ལྷག་ཙམ་ཟིན་གྱི་ཡོད། ཡུས་ཕུའུ་ལེའང་གི་རྐང་པ་གཡས་པར་སྐྱོན་ཡོད་པས་ལས་ཀ་ལྕི་པོ་བྱེད་ཐུབ་ཀྱི་མེད། 2015ལོར་ཁྲེན་ཝང་ཧུའེ་ཡི་སྐུལ་ཁྲིད་འོག་ཁོང་གིས་རྒྱ་སེ་མེ་ཏོག་འདེབས་འགོ་བཙུགས་པ་དང་ལོ་རྗེས་མར་ཡོང་འབབ་སྒོར་3700བྱུང་ཡོད། “རྒྱ་སེ་མེ་ཏོག་བཏབ་ན་ཕྱུག་འགྱུར་ཐུབ་ནས་དབུལ་པོའི་གནས་ལས་སྒྲོལ་ཐུབ”ཅེས་ཡུས་ཕུའུ་ལེའང་གིས་དགའ་ཚོར་ཆེན་པོས་བརྗོད།

        ད་ཆ་རྒྱ་སེ་མེ་ཏོག་གི་ཐོན་ལས་དེ་བཙན་ལྷ་རྫོང་གི་གཙོ་ཁྲིད་ཐོན་ལས་ཀྱི་གྲས་སུ་གྱུར་ཡོད། རྫོང་ཡོངས་སུ་རྒྱ་སེ་མེ་ཏོག་འདེབས་ཁྱོན་མུའུ་ཁྲི་1.5ཟིན་པ་དང་འདེབས་འཛུགས་དུད་ཚང་ལ་ལོར་ཆ་སྙོམས་ཡོང་འབབ་སྒོར་5000ལྷག་ཙམ་ཡོང་གི་ཡོད། “ཡུལ་མི་རྣམས་ཕྱུག་འགྱུར་ཐུབ་ཚེ་ངས་བློས་གཏོང་ག་ཚོད་བྱེད་དགོས་བྱུང་རུང་གནོང་འགྱོད་སྤུ་ཙམ་ཡང་མེད”ལོ་10ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། ཁྲེན་ཝང་ཧུའེ་ཡིས་དེ་སྔའི་ས་རྒྱུ་ཞན་པའི་ས་ཞིང་དེར“ཕྱུག་འགྱུར་མེ་ཏོག”བཏབ་ཡོད། ཁོང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་དགའ་དང་འབད་འབུངས་བྱ་དགའ་དང་དེ་བཞིན་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་སོགས་ཀྱི་མཚན་སྙན་ཐོབ་པ་མ་ཟད། ས་གནས་དེ་གའི་མིས“ཨ་ཅག་རྒྱ་སེ་མེ་ཏོག”ཅེས་འབོད་ཀྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1