༄༅།། སྙིང་ཁམས་མི་བཟང་བའི་མིས་ཆུ་ཉུང་ངུ་ཐེངས་མང་བསྟེན་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-11


        དབྱར་ཁར་སྐོམ་སྣང་འབྱུང་བའི་སྐབས་སུ།ཆུ་ཕོར་བ་གང་དང་ཡང་ན་སྐོམ་ཆུ་དེམ་བུ་གང་བླངས་ནས་འཐུང་ཐེངས་གཅིག་གིས་འཐུང་ཡག་བྱས་ན་བདེ་བ་མི་ཉུང་བ་ཞིག་ཐོབ་སྲིད། ཡིན་ཡང་སྐད་ཅིག་གི་བདེ་བ་དེ་མི་ཡོངས་ཀྱིས་ལོངས་སུ་སྤྱོད་པར་མི་འཚམ། ཀླད་སྙིང་ཁྲག་རྩའི་ནད་པར་མཚོན་ན། འཐུང་ཐེངས་གཅིག་གིས་ཆུ་མང་པོ་འཐུང་ན། སྙིང་གི་ཁུར་པོ་ཇེ་ལྕིར་བཏང་སྟེ་གློ་བུར་བའི་དོན་རྐྱེན་བཟོ་སྲིད།

        ཆེད་མཁས་པས་དྲན་སྐུལ་བྱེད་དོན།མི་ལ་སྐོམ་སྣང་འབྱུང་བའི་སྐབས་སུ།ལུས་པོ་དེ་ཆུ་ཤོར་བའི་གནས་བབ་ཡང་མོ་རུ་ལུས་ཏེ།ཁྲག་གི་ཤོང་ཚད་ཇེ་ཉུང་དུ་འགྲོ་བ་དང་ཁྲག་གི་འབྱར་བག་ཚད་ཇེ་མཐོར་འགྲོ་བས། སྙིང་གི་བྱེད་ནུས་ལ་གནོད་འཚེ་ཐེབས་སྲིད། སྐབས་དེར་གློ་བུར་ཆུ་མང་པོ་འཐུང་ན།འཇུ་བྱེད་མ་ལག་དང་འཁོར་རྒྱུག་མ་ལག་གི་ཁུར་པོ་ཇེ་ལྕིར་བཏང་སྟེ།ཁྲག་ཤེད་ཇེ་མཐོར་འགྲོ་སླ་བ་དང་ཀླད་པ་སོགས་ཀྱིས་ཁྲག་འདོན་ཚད་མི་འདང་ལ།ཚབས་ཆེ་བའི་སྐབས་སུ་སྙིང་དང་ཀླད་པའི་བྱེད་ནུས་ཉམས་པ་སོགས་ཀྱི་མཇུག་འབྲས་ངན་པ་འབྱུང་སྲིད།

        དེ་བས་སྙིང་ཁམས་མི་བཟང་བའི་མིས་ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་འཐུང་དགོས། ཐོག་མར་སྐོམ་སྣང་མེད་པའི་སྐབས་སུའང་ཆུ་འཐུང་དགོས་པ་དང་།ཆུ་ཁོལ་དང་གཏེར་རྫས་མང་པོ་འདུས་པའི་རང་བྱུང་གི་འཐུང་ཆུ་ནི་ཆེས་བཟང་བ་ཡིན།དུས་ཐོག་ཏུ་ཆུ་འཐུང་སྟེ་ཆུ་དང་གློག་འབྱེད་རྫས་ཁ་གསབ་བྱེད་དགོས།དུས་མཚུངས་སུ་ཚྭ་ཉུང་ཟས་རིགས་བསྟེན་ཏེ།སྙིང་གི་ཁུར་པོ་ཇེ་ཡང་དུ་གཏོང་ཅི་ཐུབ་བྱེད་དགོས།དེ་ནས་ཆུ་འཐུང་བའི་སྐབས་སུ་ངེས་པར་དུ་འཐུང་གྲངས་མང་པོའི་སྒོ་ནས་ཉུང་ངུ་རེ་བསྟེན་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1