༄༅།། “ལེ་དབར་ཁྲི་ཡི་འབྲི་ཆུའི་རྫོང་དང་པོ”ཡི་ཁོར་སྲུང་གཏམ་རྒྱུད།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-12



         མཚོ་ངོས་ལས་མཐོ་ཚད་ལ་སྨི4500ཡོད་པའི་མདོ་དབུས་མཐོ་སྒང་གི་ལྟེ་བ་ལ། “མིའི་རིགས་ཀྱི་ཚེ་སྲོག་གི་བཀག་སྡོམ་ཁུལ”དང“སའི་གོ་ལའི་སྣེ་གསུམ་པ”ཞེས་གྲགས་ཡོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གནས་འདིར་ཆགས་ཡོད་ལ། གཙང་གསུམ་འབྱུང་ཡུལ་གྱི་སྲོག་ཤིང་ས་ཁུལ་དུ་གནས་པ་དང་། “ལེ་དབར་ཁྲི་ཡི་འབྲི་ཆུའི་རྫོང་དང་པོ”ཞེས་པའི་མཚན་སྙན་ཐོགས་ཡོད། རྒྱལ་ཡོངས་སུ་གཙོ་གཞིའི་མི་རིགས་ཀྱི་བསྡུར་ཚད་ཆེས་མཐོ་ཞིང་། མཚོ་ངོས་ལས་ཆེས་མཐོ་བ། མི་རེའི་ཆ་སྙོམས་ཀྱི་རྩྭ་སའི་ཟིན་ཚད་ཀྱི་རྒྱ་ཁྱོན་ཆེས་ཆེ་བ། སྐྱེ་ཁམས་གོ་གནས་ཤིན་ཏུ་གལ་ཆེ་བའི་རྫོང་ཁོངས་གྲས་ཀྱི་གཅིག་ཡིན་པ་དང་། འབྲི་ཆུའི་ཆུ་མགོ་དངོས་མ་ཡིན་པའི་དམར་ཆུ་ཡུལ་འདི་ནས་བྱུང་ལ། འཛམ་གླིང་རང་བྱུང་ཤུལ་བཞག་གི་གནས་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡང་གནས་འདི་རུ་ཡོད།


           དམངས་དོན་གྱི་ཐོག་མའི་བསམ་འདུན་ལ་བརྟེན་ནས། ཁོར་སྲུང་འགན་འཁྲི་ལག་ལེན་དུ་བསྟར་བ།

        འབྲི་སྟོད་རྫོང་ཟོ་སྐྱ་ཞང་ནི་ཨ་ཆེན་གངས་རྒྱབ་ཡོད་ས་དེ་ཡིན་ལ། འབྲི་ཆུའི་མགོ་ཁུངས་ཆེན་མོ་གསུམ་པོ་ཞང་འདི་ནས་བཞུར་གྱིན་ཡོད། ས་ཁོངས་སུ་ཡོད་པའི་ཡག་གྲམ་དཀར་གྲོག་རོང་དུ་གསའ་དང་། དྲེད་མོང་། སྤྱང་ཀི་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་འཚོ་གནས་བྱས་ཡོད་ལ། ཐོབ་དཀའ་བའི་སྐྱེ་དངོས་སྣ་མང་རང་བཞིན་གྱི“ཁེར་རྐྱང་གླིང་ཕྲན”ཞིག་དང་མཚུངས།

        དུས་རབས20པའི་ལོ་རབས90པའི་ནང་ལ། སྨུག་ཆུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བྱམས་པ་ཆོས་འཕེལ་གྱིས་འབྲོག་པ་མང་ཚོགས་ལ་སྣེ་ཁྲིད་དེ་ཡག་གྲམ་དཀར་སྲུང་སྐྱོབ་ས་ཚིགས་བཙུགས་ཤིང་། སྐོར་སྲུང་བྱ་བ་བསྒྲུབས་པ། ལྐོག་ཏུ་རི་དྭགས་རྔོན་པ་དང་། ལྐོག་ཏུ་གཏེར་ཁ་བརྐོ་བ། ལྐོག་ཏུ་དབྱར་རྩྭ་དགུན་འབུ་བརྐོ་བ་སོགས་བཀག བྱ་བར་ཞུགས་ནས་ལོ་ངོ28འདས་པ་དང་། ལོ་ངོ28རིང་གི་རྒྱུན་འཁྱོངས་དང་དཀའ་སྤྱད་མང་པོར་བརྟེན་ནས། ཡག་གྲམ་དཀར་དེ་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད།

        “ལོ་ངོ28ནི་དེ་འདྲ་རིང་རྒྱུ་ག་ལ་ཡོད། རྗེ་བཟང་བསོད་ནམས་སྟོབས་རྒྱལ་གྱིས་ཚེ་སྲོག་འབེན་དུ་བཞག་ནས་ཨ་ཆེན་གངས་རྒྱབ་བསྲུངས་པ་ཡིན་ལ། ཁོ་ནི་ང་ཚོའི་མིག་དཔེ་ཡིན། ང་རང་ཏང་ཡོན་ཞིག་ཡིན་པ་དང་། འབྲོག་ཕྲུག་རྣལ་མ་ཞིག་ཡིན་པའི་ངོས་ནས་བཤད་ན། སྐྱེ་ཁམས་སྲུང་སྐྱོབ་ནི་ངའི་ཚེ་སྲོག་གི་གྲུབ་ཆ་ཞིག་ཡིན། ”བྱམས་པ་ཆོས་འཕེལ་གྱིས་སྔ་མོ་ནས་ཡག་གྲམ་དཀར་སྲུང་སྐྱོབ་བྱ་དགོས་ན། མིའི་རིགས་ཀྱི་བྱ་སྤྱོད་ཇེ་ཉུང་དུ་གཏོང་དགོས་ལ། འདི་ལྟར་བསྒྲུབ་ན་ད་གཟོད་རྩྭ་ས་ཞན་འགྱུར་དང་། སྲོག་ཆགས་དང་སྐྱེ་དངོས་ཇེ་ཉུང་དུ་འགྲོ་བ་འགོག་ཐུབ་ལ། བུ་རབས་ཚ་རྒྱུད་ལ་དྭངས་གཙང་གི་གནས་མཆོག་ཅིག་འཇོག་ཐུབ་པའི་འདུ་ཤེས་སྐྱེས་ཡོད།

        སྡེ་དམངས་འཆི་མེད་ཀྱིས་བཤད་རྒྱུར། “ལོ་བཅུ་ཕྲག་འགའི་རིང་ལ། ཧྲུའུ་ཅི་རྒན་པས་ཚང་མའི་སྣེ་ཁྲིད་དེ་རི་ལ་སྐོར་སྲུང་བྱེད་པ་དང་གད་སྙིགས་བཏུས་ཤིང་། ང་ཚོར་སྐྱེ་ཁམས་ཁོར་སྲུང་ཅི་འདྲ་གལ་ཆེ་ཚུལ་བཤད་མྱོང་བ་དང་། ད་དུང་ཁོ་དང་རི་སྐྱེས་སྲོག་ཆགས་བར་གྱི་གཏམ་རྒྱུད་འགའ་རེ་བཤད་མྱོང་། ང་ཚོར་ཤིན་ཏུ་ཡིད་འགུལ་ཐེབས་མྱོང་། ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཞིག་བསྲུང་ཐུབ་ན་ད་གཟོད་ང་ཚོར་ཡུན་དུ་རྟག་པའི་བདེ་སྐྱིད་ཡོད་པ་རྟོགས་ཤིང་། ངས་ཧྲུའུ་ཅིས་བཤད་པའི་སྐད་ཆ་ཐམས་ཅད་རང་གི་བུ་ཕྲུག་ལ་བཤད་དེ། མི་རབས་ནས་མི་རབས་བར་གཞིས་ཁྱིམ་འདི་སྲུང་དགོས་ཚུལ་བཤད།”


         “གདོང་ལེན་པ”ཡིས་སྣེ་ཁྲིད་དེ། མཉམ་དུ་ཁོར་ཡུག་སྲུང་སྐྱོབ་བྱས་པ།

        ཟླ8པའི་ཟླ་དཀྱིལ་གྱི་གཟའ་མཇུག་ཅིག་ལ། རྒྱ་རྒྱའི་ཕོ་བྲང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིས་ཡང་བསྐྱར་ཏང་ཡོན་བརྒྱ་ལྷག་གིས་གྲུབ་པའི་ལས་བྱེད“ལྗང་མདོག་གདོང་ལེན་རུ་ཁག”གི་སྣེ་ཁྲིད་དེ་ཡུས་ཧྲུའུ་གྲོང་ཁྱེར་ནས་འབྲི་སྟོད་རྫོང་བར་གྱི་གཞུང་ལམ་འགྲམ་རྒྱུད་དུ་གཅིག་སྡུད་ཀྱིས་ཁོར་ཡུག་འཕྲོད་བསྟེན་དག་ཐེར་བཅོས་སྐྱོང་གི་བྱ་བ་བསྒྲུབས།

        ད་ལོ་ལོ་ན60ཡིན་པའི་ཕུར་ཚེ་ནི་ཏང་ཡོན་རྒན་པ་ཞིག་ཡིན་ལ། ཁོར་སྲུང་བྱ་འགུལ་ལ་ཐེངས་མང་པོར་ཞུགས་མྱོང་ཞིང་། ཁོས་ལག་གཅིག་གིས་གད་སྙིགས་བླུགས་སྣོད་བཟུང་བ་དང་། ལག་གཅིག་གིས་གད་སྙིགས་ལྡུག་བཞིན་ཡོད། ལས་ཀ་སྒྲུབ་པ་ན་ལྷོད་གཡེང་སྤུ་ཙམ་མེད་ལ། “ལས་ལ་བྱང་ཆ་ཅན”ཞིག་ཡིན། “ས་འདིར་སྔོན་ཆད་འགྱིག་ཤོག་གད་སྙིགས་ཤིན་ཏུ་མང་པོ་ཡོད་མོད། འོན་ཀྱང་ང་ཚོས་ཁོར་སྲུང་བྱ་འགུལ་མང་པོ་སྤེལ་བ་དང་བསྟུན་ནས། ཁོར་ཡུག་ཀྱང་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར་ཏེ། ཕལ་ཆེར་གད་སྙིགས་ཀྱི་གཟུགས་ཙམ་ཡང་མི་མཐོང”ཞེས་རྒན་པོ་དགའ་ནས་ཁ་ཡང་ཟུམ་ཐུབ་ཀྱིན་མི་འདུག

        དཔལ་ལྡན་ཚང་ནི་རྒྱ་རྒྱའི་ཕོ་བྲང་གྲོང་རྡལ་འབྲུག་མོ་སྲང་ལམ་དུ་ཡོད་ལ། སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ཞིག་ཡིན། དབྱར་གནང་སྐབས་གཞན་ཡུལ་ནས་རང་ཁྱིམ་དུ་ལོག་སྟེ། ཁོས་དོན་སྙིང་ཅན་གྱི་བྱ་བ་འགའ་སྒྲུབ་བསམ་བཞིན་ཡོད་པས་དང་བླངས་རུ་ཁག་ནང་ཞུགས། ཁོ་རང་ཆེས་དགའ་ས་ནི་སྡེ་ཁུལ་གྱི་སྡོད་དམངས་ལ་ཁོར་སྲུང་ཤེས་བྱ་དང་ལྗང་མདོག་སྐྱེ་ཁམས་འདུ་ཤེས་སྒྲོག་བཤད་བྱེད་རྒྱུ་དེ་ཡིན། “ཐེངས་མང་པོར་སྒྲོག་བཤད་བྱས་པར་བརྟེན་སྡོད་དམངས་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ལ་ངོས་ཟིན་བྱུང་བ་དང་། མི་གཅིག་གིས་ཁྱིམ་ཚང་གཅིག་ལ་སྣེ་ཁྲིད་དང་དེ་ནས་སྡེ་ཁུལ་ཞིག་ལ་སྣེ་ཁྲིད་དེ། འགུལ་སྐྱོད་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཅིང་། གད་སྙིགས་བཏུ་བ་ལྟ་བུའི་དོན་དག་རྩག་རྩིག་འདི་ཙམ་ཡང་། སྐྱེ་ཁམས་དཔལ་ཡོན་ཐད་ནས་ཡར་ཐོན་གྱི་རྟགས་ཤིག་ཡིན་པས། ངའི་སེམས་ལ་དོན་སྙིང་གིས་ཁེངས་འདུག་འདོད”དཔལ་ལྡན་གྱིས་དེ་ལྟར་བཤད།


     ནུས་ལྡན་གྱི་ནང་རྐྱེན་ལ་བརྟེན་ནས། སྐྱེ་ཁམས་ཀྱི་དྭངས་གཙང་དང་མཛེས་སྡུག་ལེགས་པར་བསྲུང་བ།


         2021ལོའི་ལོ་སྨད་ནས་བཟུང་། འབྲི་སྟོད་རྫོང་གིས་ཞང་དང་གྲོང་རྡལ་སོ་སོས་ཕྱོགས་ཡོངས་དང་། རིམ་པ་མང་པོ། འདུས་ཚད་རང་བཞིན་བཅས་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་བརྒྱུད། “ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་འགྱིག་འགོག་སྙིགས་འཕྲི་བྱེད་པར་མི་རེ་རེར་འགན་འཁྲི་ཡོད་པའི”སྤྱི་ཚོགས་ཀྱི་ཐུན་མོང་ངོས་ཟིན་ཆགས་པར་སྐུལ་འདེད་བཏང་། ཡུལ་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་འགྱིག་འགོག་སྙིགས་འཕྲི་བྱ་རྒྱུ་དེ་ལོ་འཁོར་མོའི་དམིགས་འབེན་འགན་འཁྲིའི་དཔྱད་དཔོག་ཁྱབ་ཁོངས་ནང་དུ་བཞག་སྟེ། ཞང་དང་གྲོང་རྡལ་སོ་སོའི་སྡེ་ཁག་དག་གི་མགོ་ཁྲིད་ཚན་ཆུང་ལ་དཔྱད་དཔོག་གདེང་འཇོག་བྱེད་པའི་ནང་དོན་གཙོ་བོར་བཞག རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་པ་དང་། “ས་ཁོངས་འགན་འཁྲི+དྲིལ་སྒྲོག་སྐུལ་ཁྲིད”བྱེད་པ་རྩ་དོན་དུ་བཟུང་ནས། བྱ་བའི་དམིགས་འབེན་གཏན་འཁེལ་གསལ་པོ་བྱས་པ་དང་། གཤམ་དུ“གཞུང་ལས་ཁང་གཅིག་དང་ཚན་ཆུང་བདུན”བཙུགས་པ། བྱ་བའི་ལས་འགན་ཁག་བགོས་བྱས་པ། ཏང་ཡོན་གྱིས་སྣེ་ཁྲིད་པ་དང་། ཏང་ཡོན་གྱིས་ཁྱིམ་ཚང་ལ་འབྲེལ་གཏུག་བྱེད་པ། ཏང་ཡོན་སྡེ་ཁུལ་དུ་བསྐྱོད་པ་སོགས་ཀྱི་ཐབས་ལམ་བརྒྱུད། རྒྱ་ཆེའི་ཏང་ཡོན་རྣམས་ས་ཁོངས་ཡོངས་ལ་གད་སྙིགས་མེད་པ་དང་། འགྱིག་འགོག་སྙིགས་འཕྲི་བྱ་བའི་དྲིལ་སྒྲོག་པ་དང་། མཛུབ་སྟོན་པ་དང་ལྟ་སྐུལ་པ་བཟང་པོ་ཞིག་བྱེད་དུ་བཅུག

        ས་ཁོངས་ཡོངས་ལ་གད་སྙིགས་མེད་པ་དང་འགྱིག་འགོག་སྙིགས་འཕྲི་དཔྱད་དཔོག་ཚད་གཞི་དེ་བས་འཐུས་ཚང་དུ་བཏང་ནས། ས་ཁོངས་ཡོངས་ལ་གད་སྙིགས་མེད་པའི་དཔྱད་དཔོག་དམིགས་ཚད་དོན་ཚན14དང་འགྱིག་འགོག་སྙིགས་འཕྲིའི་དཔྱད་དཔོག་དམིགས་ཚད་དོན་ཚན10བཙུགས་ཤིང་། “གད་སྙིགས་གཅིག་སྡུད་ཐག་གཅོད+འགྱིག་བཟོས་ཐོན་རྫས་སྤྱོད་འགོག”གི་ཇུས་གཞི་དོན་འཁྱོལ་ནན་མོ་བྱས་པ། གད་སྙིགས་ཐད་ནས“ཁྱིམ་ཚང་གིས་གད་སྙིགས་རིགས་དབྱེ་དང་སྡེ་ཁུལ་གྱིས་གཙང་སྦྲ། སྡེ་བས་སྡུད་གསོག ཞང(གྲོང་རྡལ)གིས་དབོར་འདྲེན། རྫོང་གིས་ཐག་གཅོད”བཅས་ཀྱི་འགན་འཁྲི་ནན་མོ་དཀྲིས་པ་དང་། “ཁྱབ་གདལ་གཏོང་ཞོར་དང་འགོག་སྡོམ་བྱེད་ཞོར”གྱི་བླང་བྱ་ལྟར། འགྱིག་ཤོག་གྲངས་འབོར་ཉུང་གཏོང་དང་ལྗང་མདོག་དངོས་རྒྱུག་གི་དཔེ་སྲོལ་བཙུགས་པས། གད་སྙིགས་མགོ་ཁུངས་ནས་མེད་པར་བཟོ་བ་དང་གྲངས་འབོར་ཇེ་ཉུང་དུ་འགྲོ་བའི་ཚད་གཞི་ཅན་དང་། རྒྱུན་རྣམ་ཅན་མངོན་གྱུར་བྱུང་། ལི་ཞིན་ཞང་གི་ཏང་ཡོན་རྒན་པ་ཐ་བཟའ་གངས་ཡག་གིས་བཤད་རྒྱུར། “སྔོན་ཆད་ང་ཚོའི་ཁོར་ཡུག་འཕྲོད་བསྟེན་འདུ་ཤེས་ཡོངས་ཁྱབ་ཏུ་ཞན་པོ་ཡིན་ནའང་། དུས་སྐབས་དེའི་ནང་ལ་ཁོར་ཡུག་འཕྲོད་བསྟེན་དག་ཐེར་བཅོས་སྐྱོང་དང་སློབ་གསོའི་དྲིལ་སྒྲོག་བྱས་པ་བརྒྱུད་ནས། ད་ལྟ་ངའི་ཚོར་བ་ཞིག་ལ་ཚང་མའི་ཁོར་སྲུང་འདུ་ཤེས་ཇེ་དྲག་ཏུ་སོང་འདུག་ལ། ཁོར་ཡུག་ཀྱང་ཇེ་བཟང་དུ་ཕྱིན་ཡོད”ཟེར།


         2022ལོའི་ཚུན་ལ། འབྲི་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་དར་སྤེལ་འོག འབྲི་སྟོད་རྫོང་རིམ་པ་སོ་སོའི་ལས་ཁུངས་དང་སྡེ་ཁག་དག་གིས་རྫོང་ཁོངས་ཀྱི་ཁོར་ཡུག་གཙང་སྦྲའི་དག་ཐེར་བཅོས་སྐྱོང་བྱ་བ་ཐེངས8ལ་བསྒྲུབས་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། མང་ཚོགས་ཀྱིས་རང་འགུལ་རྩ་འཛུགས་བྱས་ཏེ་གད་སྙིགས་བཏུ་བའི་བྱ་འགུལ་ཐེངས20ལྷག་ལ་སྤེལ།


         འབྲི་སྟོད་རྫོང་གིས“ཏང་གི་འཛུགས་སྐྲུན+སྐྱེ་ཁམས”ཀྱི་ཐབས་ལམ་སྤྱད་ནས། ཏང་ཡོན་གྱིས་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་སྲུང་འདུ་ཤེས་ལག་ལེན་བྱས་པ་དང་། འབྲི་ཆུའི་མགོ་ཁུངས་ཀྱི་ཡུལ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དག་ཐེར་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་ནས། “ལས་བྱེད་པས་སྣེ་ཁྲིད་དང་ཏང་ཡོན་གྱིས་དཔེ་སྟོན། མང་ཚོགས་ནང་དུ་ཞུགས་པ”བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་མཁའ་དབུགས་ཤིག་གྲུབ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1