༄༅།། མིའི་རིགས་ནི་ཉ་ལས་འཕེལ་འགྱུར་བྱུང་ཚུལ་ར་སྤྲོད་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 10-12




        ཉེ་ཆར། གསར་འགོད་པས་ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་ཀྲུའུ་རྨེན་གྱིས་སྣེ་ཁྲིད་པའི་ཚན་ཞིབ་ཚོགས་པ་ཡིས་ལོ་མང་རིང་ལ་ཕྱི་རོལ་ཡུལ་ནས་རྟོག་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། མགལ་རུས་ཡོད་པའི་སྒལ་ཅན་སྲོག་ཆགས་ཀྱི་འབྱུང་ཁུངས་དང་སྔ་དུས་རིམ་འགྱུར་གྱི་ཆ་འཕྲིན་གལ་ཆེན་གསལ་སྟོན་བྱས་ཏེ“ཉ་ནས་མིའི་བར”གྱི་ཁུངས་འཚོལ་ཞིབ་འཇུག་ཁྱབ་ཁོངས་སུ་འགག་སྒྲོལ་གལ་ཆེན་བྱུང་བ་རེད།

 

 

        ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཀྲུའུ་རྨེན་གྱི་ཞིབ་འཇུག་ཚོགས་པ་ཡིས་ཉེ་བའི་ལོ་བཅུའི་རིང་ལ། སྔ་གཞུག་ཏུ་ཁྲུང་ཆིང་དང་ཀུའེ་ཀྲོའུ་སོགས་ཀྱི་ས་ཆ་ནས་ལོ་དུང་ཕྱུར4.4ནས4.1གི་སྔོན་གྱི་སྔ་དུས་ས་རིམ་ཁྲོད་དུ་ད་ལྟའི་བར་ལོ་དུང་ཕྱུར4.39ནས4.36ཙམ་ཡོད་པའི་སྐབས་ཀྱི་ཉ་རིགས་འགྱུར་རྡོ་རྙེད་པ་དང་། འགྱུར་རྡོ་དེ་དག་གི་ནང་དུ་གཙོ་བོ་མགལ་རུས་མེད་པའི་ཁྲབ་རྨོག་ཉ་རིགས(盔甲鱼类)དང་ཕུབ་སྐྱི་ཉ་རིགས།(盾皮鱼类) རུས་མཉེན་ཉ་རིགས(软骨鱼类)སོགས་ཚུད་ཡོད།

 

 

        ཡོན་ཧྲི་ཀྲུའུ་རྨེན་གྱིས་མཚམས་སྦྱོར་བྱས་པར་གཞིགས་ན། མིའི་རིགས་ཀྱི་གཤག་ལས་རིག་པའི་གྲུབ་ཚུལ་ཏེ། དཔེར་ན་མིག་དང་སྣ། མཆུ། མ་ནེ། ཡ་མགལ་བཅས་ཁུངས་འཚོལ་བྱས་སོང་ན། ཚང་མ་ཉ་རིགས་ཀྱི་ཐོག་ནས་རྙེད་པ་དང་། དབང་བོ་འདི་དག་དང་ཁྱད་ཆོས་གཙོ་བོ་འདི་དག་ལ་ཅི་འདྲའི་རིམ་འགྱུར་གོ་རིམ་ཞིག་ཡོད་པ་ལ་ཤེས་རྟོགས་གསལ་བོ་བྱུང་མེད་པས། ངེས་པར་དུ་འགྱུར་རྡོ་ལ་བརྟེན་ནས་གསལ་བར་བྱ་དགོས་པ་རེད།

         རྒྱུས་ལོན་བྱུང་བ་ལྟར་ན། ཉ་ནས་མི་ལ་རིམ་འགྱུར་བྱུང་བའི་གོ་རིམ་ནི་ལོ་དུང་ཕྱུར5ཡི་ཡས་མས་ཙམ་ཡོད་པ་དང་། སྔ་གཞུག་ཏུ་ཆེས་སྔ་དུས་ཀྱི་མགལ་རུས་མེད་པའི་རིགས་ནས་མགལ་རུས་ཡོད་པའི་རིགས་དང་གཤོག་ཡོད་ཉ་རིགས་ལ་རིམ་འགྱུར་བྱུང་ཞིང་། དེ་ནས་སྐམ་སའི་ཐོག་ནས་འཚོ་མགོ་བརྩམས་རྗེས། སྐམ་མཚོ་གཉིས་གནས་ཀྱི་སྲོག་ཆགས་རིགས་དང་འོ་འཐུང་སྲོག་ཆགས་རིགས་ལ་གྱུར་པ་དང་། མཐར་མིའི་རིགས་ལ་རིམ་འགྱུར་བྱུང་བའི་གོ་རིམ་རིང་པོ་ཞིག་བརྒྱུད་ཡོད།

 

        མགལ་རུས་ཡོད་པའི་སྒལ་ཅན་སྲོག་ཆགས་ཀྱིས་མིག་སྔར་སའི་གོ་ལའི་ཐོག་གི་སྒལ་ཅན་སྲོག་ཆགས་རིགས་རྒྱུད་ནང་གི99.8%ཀྱི་ཡན་ཙམ་ཟིན་པ་དང་། མིའི་རིགས་ཀྱང་དེའི་ནང་གི་རིགས་གཅིག་ཡིན། མགལ་རུས་ཡོད་པའི་སྒལ་ཅན་སྲོག་ཆགས་ནི་ཕལ་ཆེར་ལོ་དུང་ཕྱུར4.5ཡི་སྔོན་ལ་བྱུང་ནའང་། འདས་སོང་གི་གསར་རྙེད་བྱུང་བའི་མགལ་རུས་ཡོད་པའི་སྒལ་ཅན་སྲོག་ཆགས་ཀྱི་འགྱུར་རྡོ་ནི་ཕལ་ཆེར་ལོ་དུང་ཕྱུར4.25ཡི་སྔོན་ལ་བྱུང་བ་ཙམ་ཡིན།

         ད་ཐེངས། ཡོན་ཧྲི་ཀྲུའུ་རྨེན་གྱི་ཚན་ཞིབ་ཚགས་པ་ཡིས་ཉ་རིགས་ཀྱི་འགྱུར་རྡོ་རྩ་ཆེན་མང་པོ་རྙེད་པའི་རྨང་གཞིའི་ཐོག ལོ་གསུམ་ཙམ་གྱི་རིང་ལ་ཞིབ་འཇུག་བྱས་པ་བརྒྱུད། དག་ཚད་མཐོ་བའིCTདང་ཚུགས་ཀའི་གཞི་གྲངས་དབྱེ་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་ནས་འཛམ་གླིང་ལ་ཆེས་སྔ་བའི་མགལ་རུས་ཡོད་པའི་སྒལ་ཅན་སྲོག་ཆགས་ཀྱི་མགོ་དང་སོ། ལུས་པོ་སོགས་འདས་པའི་དུས་ལ་ཤེས་རྟོགས་བྱུང་མེད་པའི་ཆ་འཕྲིན་ཐེངས་དང་པོར་གསལ་སྟོན་བྱས་ཏེ། མིའི་རིགས་ལ་འབྲེལ་བའི་གཤག་ལས་རིག་པའི་གྲུབ་ཚུལ་དེ་ལོ་དུང་ཕྱུར4.4ཡི་སྔོན་གྱི་གནའ་བོའི་ཉ་རིགས་ལ་ཁུངས་འདེད་བྱས་པ་དང་། འདི་ཡིས“ཉ་ནས་མི”ལ་རིམ་འགྱུར་བྱུང་བའི་ལོ་རྒྱུས་སུ་ཆད་པའི་ཆེས་ཐོག་མའི་དུམ་ཚན་ཁ་སྣོན་དང་འཛམ་གླིང་གི་ཚན་རིག་སྡེ་ཡིས་མགལ་རུས་ཡོད་པའི་རིགས་ཀྱི་འབྱུང་ཁུངས་དང་དར་རྒྱས་ཀྱི་སྲོལ་རྒྱུན་ངོས་འཛིན་གསར་སྒྱུར་བྱས་པ་བརྒྱུད“ཉ་ནས་མི”ལ་རིམ་འགྱུར་བྱུང་ཚུལ་སྲ་བརྟན་དུ་བཏང་ཡོད།

 

 

        ཡོན་ཧྲི་ཀྲུའུ་རྨེན་གྱིས་མཚམས་སྦྱོར་བྱས་ན། མིའི་རིགས་ཀྱིས་སྔ་དུས་ཀྱི་མགལ་རུས་ཡོད་པའི་སྒལ་ཅན་སྲོག་ཆགས་ལ་ངོས་འཛིན་བྱེད་སྟངས་ནི་དུས་ཡུན་རིང་པོ་ཞིག་ལ་གཞི་རྩའི་ཆ་ནས“མུན་ནག་ལག་ནོམ”ལྟར་ཡོད་པ་དང་། ཐེངས་འདིའི་ཚན་ཞིབ་གྲུབ་འབྲས་ཀྱིས་ཆེས་སྔ་དུས་ཀྱི་རིམ་འགྱུར་ལ་ཇི་ལྟར་ངོས་འཛིན་བྱེད་པ་ལ་ཆེས་ཐད་ཀར་གྱི་དཔང་དངོས་འདོན་སྤྲོད་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1