ཚེ་རིང་ལྷ་མོ། དབང་སྐྱོན་ཕྲུ་གུར་རེ་བའི་འོད་སྣང་སྦྱིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-13


 

      ཐེངས་འདིའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཉམས་བཟང་ལས་དེ་རིང་ཕྲུ་གུ་ཚོར་རེ་བའི་འོད་སྣང་སྦྱིན་མཁན་ཏེ།  ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་སློབ་སྤྱི་ཚེ་རིང་ལྷ་མོ་ལགས་ཀྱིས་བོད་བྱང་ཐང་གི་དམིགས་བསལ་སློབ་གསོའི་བྱ་གཞག་ཐད་དཀའ་སྤྱད་འབད་འཐབ་གནང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་དེ་ཞུ་རྒྱུ་ཡིན།


      ཚེ་རིང་ལྷ་མོ་ལགས་ཀྱིས།  རང་ཉིད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བར་ང་རང་དགའ་སྤྲོ་དཔག་མེད་བྱུང་ལ། གཟི་བརྗིད་དང་སྤོབས་པའང་སྐྱེས་བྱུང་།  དེ་ནི་ང་རང་གི་མི་ལོ་28རིང་གི་སློབ་གསོའི་ལས་ཀར་ཁས་ལེན་གནང་བ་ཞིག་དང་སྐུལ་ལྕག་གནང་བ་ཞིག་ཡིན་པས། ངས་འབད་པ་ལྡབ་འགྱུར་དང་རང་ནུས་ཡོད་རྒུས་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པ་བྱ་རྒྱུ་ཡིན་ཞེས་གསུངས།

 

      དམིགས་བསལ་སློབ་གསོ་ནི་དམངས་ཡོངས་ཀྱི་སློབ་གསོའི་ཆ་ཤས་གལ་ཆེན་ཞིག་རེད།  སྤྱི་ལོ་2013ལོར། ནག་ཆུང་གྲོང་ཁྱེར་གྱི་དམིགས་བསལ་སློབ་གྲྭ་དངོས་སུ་བཙུགས་པ་དང་། འདི་ནི་ནག་ཆུ་གྲོང་ཁྱེར་གྱིས་མིག་ཤེད་ཉམས་པ་དང་། འོན་ལྐུགས་ཡིན་པ། རིག་སྟོབས་ཉམས་པ་སོགས་རིགས་མི་འདྲ་བའི་དབང་སྐྱོན་བྱིས་པར་ལོ་དགུའི་འོས་འགན་སློབ་གསོ་མྱོང་རྒྱུ་ཡོང་བའི་ཕྱོགས་བསྡུས་དམིགས་བསལ་སློབ་གསོའི་སློབ་གྲྭ་ཞིག་རེད།

 

      སྤྱི་ལོ་1994ལོར། ཚེ་རིང་ལྷ་མོ་ལགས་བོད་ལྗོངས་མི་རིགས་སློབ་གླིང་སྟེ་དེང་གི་བོད་ལྗོངས་མི་རིགས་སློབ་ཆེན་ནས་ཐོན་པ་དང་། སློབ་འབྲིང་གི་དགེ་རྒན་དཀྱུས་མ་ཞིག་ནས་ནག་ཆུ་གྲོང་ཁྱེར་བུ་བཅོལ་ཁང་དང་པོའི་ཧྲུའུ་ཅི་དང་དེ་ནས་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་སློབ་སྤྱིར་གྱུར་བའི་བར་ཁོང་གིས་དགེ་བའི་བཤེས་གཉེན་གྱི་ཕྱག་ལས་དེའི་ཐོག་མི་ལོ་28ཙམ་དཀའ་བ་སྤྱད་གནང་ཡོད།

 

      ཚེ་རིང་ལྷ་མོ་ལགས་དང་དམིགས་བསལ་སློབ་གསོའི་བར་ལས་འབྲེལ་འདི་འདྲ་བྱུང་ཡོད། དེ་ཡང་སྤྱི་ལོ་2003ལོའི་སྒྲོག་འགྲེལ་སྙན་ཞུ་ཞིག་དང་འབྲེལ་བ་དམ་ཟབ་ཡོད་པ་སྟེ། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་སྐབས་དེ་དུས་ཀྱི་སློབ་སྤྱིས་མཉམ་སྤྱོད་གནང་བའི་དམིགས་བསལ་སློབ་གསོའི་སློབ་ཁྲིད་འདུ་ཤེས་ལས་ཁོང་ལ་མྱོང་ཚོར་ཆེན་པོ་བྱུང་བ་དང་བག་ཆགས་ཀྱང་ཟབ་མོ་བཞག་ཡོད། དམིགས་བསལ་སློབ་གསོར་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་དེའི་དབང་གིས་སྤྱི་ལོ་2013ལོའི་དགུན་གསེང་སྐབས་ཁོང་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གྲྭའི་སློབ་སྤྱིར་བསྐོ་གཞག་བྱེད་སྐབས་ཐེ་ཚོམ་སྤུ་ཙམ་མེད་པར་དགའ་སྤྲོའི་ངང་དང་ལེན་ཞུས་ཡོད། འོན་ཀྱང་། བྱ་བ་ཐམས་ཅད་འགོ་བཙུགས་དཀའ་ཞེས་པའི་ངག་རྒྱུན་བཞིན། ཁོང་ལ་འཕྲད་པའི་དཀའ་ངལ་དང་པོ་དེ་ནི་ཇི་ལྟར་བྱས་ནས་སློབ་མ་བསྡུ་རྒྱུ་དེ་རེད། 

  

      ནག་ཆུ་གྲོང་ཁྱེར་ས་རྒྱ་ཆེ་ཞིང་། མི་འབོར་ཉུང་བའི་ཁར་སློབ་ཁུངས་ཉུང་བ་དང་། ད་དུང་ཁྱིམ་བདག་མང་པོས་དམིགས་བསལ་སློབ་གསོར་ནོར་འཁྲུལ་གྱི་ངོས་འཛིན་དང་ལྟ་སྟངས་འཛིན་བཞིན་ཡོད། དེ་ལྟ་བུའི་དཀའ་ཚེགས་མདུན་དུ་ཁོང་གིས་དབང་སྐྱོན་བྱིས་པ་གཅིག་ཀྱང་མ་ལུས་པར་སློབ་གསོ་མྱོང་ཐུབ་པར་བྱེད་པའི་ཆོད་སེམས་བརྟན་པོ་ཞིག་སེམས་སུ་བཀོད། ཚེ་རིང་ལྷ་མོ་ལགས་ཀྱིས་སློབ་འགོ་མ་ཚུགས་གོང་། དུས་ཡུན་ཟླ་བ་གཉིས་ཏག་ཏག་གྲོང་ཚོ་དང་ཐེམ་དུད་དུ་བསྐྱོད་པ་དང་། ནག་ཆུ་གྲོང་ཁྱེར་གྱི་ཉེ་འཁོར་རྫོང་དང་ཆུས་དང་། ཤང་དང་གྲོང་རྡལ།  གྲོང་ཚོ་བཅས་ཚང་མར་ཕེབས་ཡོད། མཐར་ཁོང་གི་ངག་འཇམ་ཚིག་མཁས་དང་ཤ་ཚའི་གཏམ་ལས་མང་ཚོགས་རྣམས་སེམས་འགུལ་ཐེབས་ཏེ་དབང་སྐྱོན་བྱིས་པ་དྲུག་ཅུ་བསྡུ་ཐུབ་པ་བྱུང་ཡོད།

 

      སློབ་ཞུགས་བྱས་མ་ཐག་པའི་དབང་སྐྱོན་བྱིས་པ་རྣམས་འཚོ་བ་རང་མགོ་ཐོན་ཐབས་མེད། ཚེ་རིང་ལྷ་མོ་ལགས་དང་རྒན་ལགས་རྣམ་པས་ཐོག་མར་ཁོང་ཚོར་སློབ་སྦྱོང་གི་གོམས་གཤིས་འཇགས་སུ་བཅུག་པ་དང་། ད་དུང་འཚོ་བའི་ཁྲོད་ཁྱིམ་བདག་གི་ཚབ་ཞུས་ནས་ཟ་མ་སྟེར་བ་དང་། གཟུགས་པོ་འཁྲུ་བ། གྱོན་གོས་འཁྲུ་བ། གོས་གྱོན་སྟངས་སློབ་པ། གསང་སྤྱོད་ནང་བཙོག་གཅིན་གཏོང་སྟངས་སློབ་པ་སོགས་གནང་ནས་ཁོང་ཚོ་འཚོ་བ་རང་རྐྱ་འཕེལ་བའི་ནུས་པ་གསོ་སྐྱོང་བྱས་ཡོད། 

  

      ཚེ་རིང་ལྷ་མོ་ལགས་ཀྱིས་ཡིད་སྨོན་འཆོར་ཞིང་ཆ་རྒྱུས་མེད་པའི་ལས་རིགས་དེའི་ཐོག་རང་ཉིད་ཀྱི་མི་ཚེའི་ཁྲོད་ཀྱི་ཐེངས་དང་པོ་མང་པོ་ཞིག་མྱོང་བརྒྱུད་གནང་ཡོད། དཔེར་ན། འགྲོ་སྐྱོད་སྟབས་བདེ་མེད་པའི་ཕྲུ་གུའི་བཙོག་གཅིན་ཕྱིས་པ་དང་། དབང་སྐྱོན་བྱིས་པ་ཁྲིད་དེ་ཞིང་ལྗོངས་གཞན་དུ་ནད་གཞི་སྨན་བཅོས་བྱེད་པར་བསྐྱོད་པ། ཕྲུ་གུ་ཚོ་དང་བགྲོ་གླེང་ཐུབ་ཆེད་ཁོང་གིས་ལག་བརྡ་སྦྱངས་གནང་བ།  སློབ་མ་ལོང་བའི་ནང་སེམས་པའི་ཚོར་བ་མཁྱེན་པ་གནང་ཆེད་ཁོང་གིས་མིག་ཟུང་བཀབ་ནས་སློབ་མ་ལོང་བའི་སེམས་ཁོངས་ཀྱི་འཇིག་རྟེན་རྟོགས་གནང་བ། སློབ་གྲྭར་ཡོང་ཐབས་བྲལ་བའི་དབང་སྐྱོན་སློབ་མར་ཤེས་བྱ་ཡོན་ཏན་སློབ་ཆེད་ཁོང་གིས་རང་འགུལ་ངང་དབྱར་དགུན་གུང་གསེང་གི་དུས་ཚོད་སྤྱད་དེ་ཁོང་ཚོའི་ཁྱིམ་དུ་སློབ་ཁྲིད་གནང་བར་བསྐྱོད་པ་སོགས་མདོར་ན་དབང་སྐྱོན་ཕྲུ་གུའི་ཆེད་དུ་ཁོང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གང་ཐུབ་ཅི་ཐུབ་གནང་ཡོད།

      ཕྲུ་གུ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་། ཁོང་ཚོར་ཤེས་བྱ་རིག་གནས་གང་ཙམ་འཇགས་པ་བྱ་ཆེད། ཚེ་རིང་ལྷ་མོ་ལགས་ཀྱིས་གསར་གཏོད་རང་བཞིན་ཆེ་བའི་སྒོ་ནས་གཅིག་སྡུད་ཐོག་སློབ་ཁྲིད་དང་དྲག་སྐྱེད་སྦྱོང་བརྡར། ལས་རིགས་སློབ་གསོ་བཅས་གནད་གསུམ་གཞི་གཅིག་གི་སློབ་གཉེར་མ་དཔེ་བཏོད་དེ་སྔ་དྲོ་རྒྱལ་ཁབ་ཀྱི་སློབ་ཁྲིད་ཚད་གཞི་ལྟར་རིག་གནས་སློབ་ཚན་ཁྲིད་པ་དང་། ཕྱི་དྲོ་བྱེ་བྲག་ཅན་གྱི་སློབ་ཁྲིད་འཆར་གཞི་དང་དྲག་སྐྱེད་སྦྱོང་བརྡར་བྱས་པ་མ་ཟད་ལོ་ན་རྒན་པའི་ཕྲུ་གུར་འཐག་ལས་འཛིན་གྲྭ་དང་། འཚེམ་བཟོའི་འཛིན་གྲྭ ཁ་གདན་འཛིན་གྲྭ  མ་བྱན་འཛིན་གྲྭ རྫ་བཟོའི་འཛིན་གྲྭ་སོགས་ལས་རིགས་སློབ་གསོའི་སློབ་ཁྲིད་གནང་ཡོད། ལོ་དེ་དག་རིང་གི་སློབ་གསོའི་ལག་ལེན་དངོས་བརྒྱུད། དབང་སྐྱོན་སློབ་མ་མང་པོས་ལག་རྩལ་སྣེ་གཅིག་ཁོང་དུ་ཆུད་ཡོད་ལ། རང་བརྟེན་བྱ་གཞག་གསར་གཏོད་བྱེད་པའི་ཐད་རྩལ་ནུས་ཀྱི་འདེགས་སྐྱོར་ཐུབ་ཡོད། དེ་བས་དགའ་འོས་པ་ཞིག་ནི་རང་ཉིད་ཀྱི་གཟུགས་པོའི་སྐྱོན་ཆར་བལྟ་སྟངས་ཡང་དག་འཛིན་ཐུབ་ཏེ་དཀའ་ངལ་འདྲ་མིན་ཁྱད་བསད་ཐུབ་པ་མ་ཟད་མ་འོངས་པའི་འཚོ་བར་ཡིད་ཆེས་དང་རེ་བས་ཁེངས་པ་དེ་རེད། མིག་སྔའི་བར། སློབ་གྲྭ་དེ་ནས་སློབ་མ་65ལས་ཞུགས་ཐུབ་པའམ་ལས་གཏོད་བྱས་པ་དང་། སློབ་མ་17གྱིས་སྐབས་གཉིས་ཀྱི་རྒྱལ་ཡོངས་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཡོད་པ་རེད།  

  

      ཕྱག་ལས་གནང་བའི་བརྒྱུད་རིམ་ནང་། ཚེ་་རིང་ལྷ་མོ་ལགས་ཀྱིས་གནད་དོན་ལ་དམིགས་པའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ལས་ཀའི་ཁྲོད་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་རྣམ་གྲངས་རེ་ཞུ་གནང་སྟེ་དེར་ཞིབ་འཇུག་གནང་ནས་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་གནང་གི་ཡོད། ཁོང་གི་སྣེ་ཁྲིད་འོག་སློབ་གྲྭའི་དགེ་རྒན་གྱིས་འགན་འཁུར་བའི་རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་ལྔ་དང་། གྲོང་ཁྱེར་རིམ་པའི་རྣམ་གྲངས་བདུན་ཡོད་པ་མ་ཟད་རྣམ་གྲངས་དེ་དག་ལ་བྱ་དགའ་ཡང་ཐེངས་མང་ཐོབ་ཡོད། 

  

     མ་གཞི་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གྲྭ་བཙུགས་ནས་ལོ་བཅུ་ཡང་འགྲོ་གི་མེད་རུང་། ཚེ་རིང་ལྷ་མོ་ལགས་ཀྱིས་དམིགས་བསལ་སློབ་གསོའི་བྱ་གཞག་ཐད་འཚོལ་ཞིབ་གང་ལེགས་གནང་བས་ས་གནས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་སློབ་གསོར་བརྟེན་ནས་དབང་སྐྱོན་ལ་རོགས་རམ་བྱེད་པ་དང་། སློབ་གསོར་བརྟེན་ནས་དབུལ་སྐྱོར་བྱེད་པའི་ལམ་བུ་ཞིག་བཏོད་དེ་གངས་ལྗོངས་ས་མཐོར་དམིགས་བསལ་སློབ་གསོའི་བྱ་གཞག་གི་ཕུགས་བསམ་དོན་གཉེར་ཅན་གྱི་འགྱུར་མེད་གཟུགས་བརྙན་གསར་བཞེངས་གནང་ཡོད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1