ས་གནས་ཁག་གིས་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-13



      ས་གནས་ཁག་གིས་ཞིང་ལས་སྟོབས་ཆེ་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་འགྱུར་བཅས་མངོན་འགྱུར་མགྱོགས་པོ་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལེའུ་གསར་པ་ཧུར་ཐག་ངང་བརྩམས་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་ཅིང་། དཔའ་ངར་ཆེར་བསྐྱེད་ཀྱིས་འཚོག་ལ་ཉེ་བའི་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བཞིན་ཡོད།

      མིག་སྔར། ཧོ་ནན་ཤིན་ཤང་ཧོ་ཅ་རྫོང་ཁྲེང་ཀོན་གྲོང་རྡལ་གྱི་ཤ་མོ་འདེབས་འཛུགས་རྟེན་གཞིར་དྲོད་ཚད་བརྟན་པའི་ཤ་མོའི་དྲོད་ཁང་220ཤ་མོ་ཐོན་མང་ཤོས་ཀྱི་དུས་ལ་སླེབས་ཡོད། ཞོགས་པ་སྔ་པོ་ནས་ཞིང་པ་ཚོས་ཤ་མོ་འདེབས་པའི་རྣང་མའི་གསེབ་ཏུ་ཤ་མོ་འཐུ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཧོ་ནན་གྱིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་བས། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་ཡོད། ཧོ་ནན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་མ་ཝན་ལིས། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་བཏང་སྟེ། འབད་བརྩོན་ཆེན་པོས་ཧོ་ནན་གྱི“ཞིང་གསུམ”ལས་དོན་དེ་བས་ངོ་མཚར་ལྡན་པ་ཡོང་བ་བྱས་ཐོག ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད་ཅེས་གསུངས་པ་རེད།


      ཅང་ཞི་ནན་ཁྲང་ཨན་དབྱི་རྫོང་ཤིན་མིན་ཤང་ཧྲང་ཧྲན་གྲོང་ཚོར་ཤིང་འབྲས་པན་ལི་སྨིན་ཡོད། ནན་ཁྲང་གི་གྲོང་མི་མི་ཉུང་བ་ཞིག་གིས་དུས་ཚོད་ཁོམ་པ་སྤྱད་དེ་དེ་གར་པན་ལི་འཚོལ་འཐུའི་སྤྲོ་སྣང་ཉམས་ལེན་བྱེད་པར་ཡོང་གི་ཡོད། ཉེ་བའི་ལོ་ཤས་རིང་། ཤིན་མིན་ཤང་གིས“མཉམ་ལས་ཁང་(འདེབས་འཛུགས་དུད་ཆེན)དང་། ཞིང་དུད། དྲ་སྦྲེལ་བཅས་ཟུང་དུ་འབྲེལ་བའི”ཤིང་འབྲས་ཐོན་སྐྱེད་དང་བྲིན་འཚོང་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་དང་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད། ཤིན་མིན་ཤང་ཧྲན་ཧྲང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཡན་ཡན་གྱིས། གནད་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱེད་པ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་སྟེ། ཧྲན་ཧྲང་གྲོང་ཚོའི་མིང་གྲགས་ཆེ་རུ་གཏོང་བཞིན་ཡོད། མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་དང་ང་ཚོ་ཧྲན་ཧྲང་གྲོང་ཚོ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།


      ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་ཝུའུ་ཁྲོན་ཀེ་ལའོ་རིགས་མིའོ་རིགས་རང་སྐྱོང་རྫོང་ཅའོ་པ་གྲོང་རྡལ་ཧྲ་ཝན་གྲོང་ཚོར། ཤིང་ཏོག་ལུའོ་ཧན་ཀུའོ་རྟེན་གཞིར་སླར་ཡང་ལོ་ལེགས་བྱུང་ཡོད། ཧྲ་ཝན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རན་ཤུས་ཀྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ཉེར་ཡོད་ཅིང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལངས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། གྲོང་མིའི་སྣེ་ཁྲིད་དེ་ཐོན་ལས་སྟོབས་ཆེར་གཏོང་གང་ཐུབ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1