འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་དག་གཙང་ནུས་ཁུངས་ཀྱི་མཁོ་འདོན་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-14



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་སྙན་ཞུ་སྤེལ་ཏེ། མ་འོངས་པའི་ལོ་ངོ་བརྒྱད་ནང་དག་གཙང་ནུས་ཁུངས་ཀྱི་གློག་ཤུགས་མཁོ་འདོན་ངེས་པར་དུ་ལྡབ་འགྱུར་གྱིས་འཕར་སྣོན་གཏོང་དགོས་པ་དང་། དེ་ལྟར་བྱས་ན་ད་གཟོད་ཕན་ནུས་ལྡན་པའི་སྒོ་ནས་འཛམ་གླིང་ཧྲིལ་བོ་ཇེ་དྲོར་འགྲོ་བར་ཚོད་འཛིན་བྱེད་ཐུབ། དེ་ལྟ་མིན་ཚེ་ནམ་ཟླའི་འགྱུར་ལྡོག་དང་ཐལ་དྲགས་པའི་ནམ་ཟླའི་བྱུང་ཐེངས་མང་བ། ཆུ་དཀོན་པ་སོགས་ཀྱི་ཤུགས་རྐྱེན་དབང་གིས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་བདེ་འཇགས་ཐད་གཏོར་བརླག་ཐེབས་སྲིད་ཟེར། 

        གནམ་གཤིས་རྩ་འཛུགས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་གནམ་གཤིས་ཞབས་ཞུའི་གནས་ཚུལ་ཏེ་ནུས་ཁུངས་ཞེས་པའི་སྙན་ཞུ་ལྟར་ན། འཛམ་གླིང་ཡོངས་ཀྱི་ཐལ་དྲགས་པའི་ནམ་ཟླའི་དོན་རྐྱེན་ཇེ་མང་དང་ཛ་དྲག་ཏུ་གྱུར་བ་དང་བསྟུན་ནས། ནམ་ཟླའི་འགྱུར་ལྡོག་ལས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་བདེ་འཇགས་ཐད་ཉེན་ཁ་བཟོ་བཞིན་ཡོད་པ་དང་། ཐད་ཀར་དུ་འབར་རྫས་ཀྱི་མཁོ་འདོན་དང་ནུས་ཁུངས་ཀྱི་ཐོན་སྐྱེད། མིག་སྔར་དང་མ་འོངས་པའི་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་བབ་བསྟུན་རང་བཞིན་བཅས་ལ་ཤུགས་རྐྱེན་ཐེབས་སྲིད་ཟེར། 

        གནམ་གཤིས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཕིས་ཏི་ལི་ཐཱ་ལཱ་སི་ཡིས་བཤད་རྒྱུར། ནུས་ཁུངས་སྡེ་ཁག་ནི་འཛམ་གླིང་ཡོངས་ཀྱི་བཞི་ཆའི་གསུམ་གྱི་དྲོད་རླངས་ཕྱིར་གཏོང་ཚད་ཀྱི་འབྱུང་ཁུངས་ཡིན་པ་དང་། མ་འོངས་པའི་ལོ་ངོ་བརྒྱད་ནང་དྲོད་རླངས་ཕྱིར་གཏོང་ཚད་གི་དམའ་བའི་གློག་ཤུགས་མཁོ་འདོན་ལྡབ་གཅིག་ཡན་འཕར་བར་བྱས་ན། ད་གཟོད་འབྲེལ་ཡོད་ཀྱི་དྲོད་རླངས་ཉུང་འདོན་གྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ཟེར། ཁོས་ཉི་འོད་ནུས་པ་དང་རླུང་ནུས། ཆུ་ཤུགས་གློག་འདོན་སོགས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1