༄༅།། བུད་མེད་རྣམས་ཀྱིས་མངལ་སྐེའི་འབྲས་སྐྲན་ལ་ངོས་འཛིན་ལེགས་པོ་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-14



         ཆེས་གསར་པའི་གོ་ལ་ཡོངས་ཀྱི་འབྲས་སྐྲན་གཞི་གྲངས་ལས་མངོན་པ་ལྟར་ན།2020ལོར་རང་རྒྱལ་གྱི་མངལ་སྐེའི་འབྲས་སྐྲན་གྱི་འབྱུང་ཚད་དང་ཤི་ཚད་ཀྱིས་གོ་ལ་ཡོངས་ཀྱི་ལྔ་ཆའི་གཅིག་ཟིན་ཡོད་པས།ཁྱིམ་ཚང་གི་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད།མངལ་སྐེའི་འབྲས་སྐྲན་ནི་སྔོན་འགོག་བྱེད་ཐུབ་པར་མ་ཟད་སྔ་མོ་ནས་ངོས་འཛིན་ཐུབ་ན་དྲག་སྐྱེད་འབྱུང་བའི་ཚད་ཀྱང་ཧ་ཅང་མཐོ་བ་རེད།ཡིན་ཡང་འབྱུང་ཚད་དང་ཤི་ཚད་སྔར་བཞིན་ཇེ་མང་ལས་ཇེ་ཉུང་དུ་འགྲོ་ཐུབ་ཀྱིན་མེད།རྒྱུ་མཚན་ནི་བུད་མེད་རྣམས་ཀྱིས་མངལ་སྐེའི་འབྲས་སྐྲན་ལ་ངོས་འཛིན་ལེགས་པོ་བྱེད་ཐུབ་ཀྱིན་མེད་པ་དེ་རེད།

        དོན་དངོས་སུ་བཤད་ན།འཚག་བཤེར་དམིགས་ཡུལ་དུ་བཟུང་ནས་བརྟག་དཔྱད་བྱས་པ་ལས།གཞན་ད་དུང་མངལ་སྐེའི་འབྲས་སྐྲན་འབྱུང་བའི་སྐབས་སུ་གཤམ་གྱི་རྒྱུན་མཐོང་གི་ཉེན་བརྡ་མང་པོ་ཡོད་མོད།འོན་ཀྱང་ནད་རྟགས་ཁ་ཤས་ཤིག་ནད་རིགས་གཞན་པ་དང་འཁྲུལ་སླ་བས་སྣང་མེད་དུ་འཇོག་བཞིན་འདུག གཅིག སྐྱེ་ལམ་དུ་ཟ་འཕྲུག་ལངས་པ་དང་ཚ་ལམ་ལམ་བྱེད་པ། གཉིས། རྐེད་སྨད་དང་གསུས་ཁོག་ན་བ། གསུམ། རྒྱུ་མཚན་གང་ཡང་མེད་པར་ངལ་ཞིང་དུབ་པ། བཞི།གཅིན་ནང་དུ་ཁྲག་འདྲེས་པ་དང་གཅིན་གཏོང་དཀའ་བ།གཅིན་མང་བ་དང་གཅིན་གཏོང་སྙམ་ཆེ་བ་སོགས་གཅིན་ལྒང་གི་ནད་རྟགས་འབྱུང་བ། ལྔ། ཁོག་པ་སྦོས་པ། དྲུག སྐྱེ་ལམ་གྱི་ཟགས་ཐོན་དངོས་པོར་དྲི་ངན་འཐུལ་བ། བདུན། རྐང་པ་སྐྲང་བ། བརྒྱད། གསུས་སྨད་ན་བ། དགུ།བཤང་བར་ཁྲག་འདྲེས་པ་དང་བཤང་ལམ་ན་བ་སོགས་ཀྱི་ནད་རྟགས་འབྱུང་བ། བཅུ།མཁལ་མའི་གཉན་ཚད་དང་གཅིན་འདྲེན་སྦུ་གུ་འགག་པ་སོགས་ཀྱི་དབང་གིས་རྐེད་པ་ན་བ་སོགས་ཡིན།

        དེ་བས་བུད་མེད་རྣམས་དང་ནང་སྒོས་སུ་གཤམ་གྱི་ཉེན་ཁའི་རྒྱུ་རྐྱེན་ལྡན་པ་དག་གིས་མཉམ་འཇོག་ལེགས་པོ་བྱེད་དགོས། གཅིག ནུ་ཏོག་སྐྲན་གྱི་ནད་དུག་ཕོག་མྱོང་མཁན། HPV16དངHPV18གཉིས་ནི་མངལ་སྐེའི་འབྲས་སྐྲན་དང་འབྲེལ་བ་དམ་པོ་ཡོད། གཉིས། དུ་བ་འཐེན་པ། རྡོ་ཐའི་ཁྲོད་ཀྱི་རྫས་འགྱུར་དངོས་པོས་བུད་མེད་ལ་མངལ་སྐེའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་བཞིན་ཡོད། གསུམ། རིམས་འགོག་ནུས་པ་ཞན་པ་དང་། ཨེ་ཙི་འགོས་ནད་ཕོག་མྱོང་མཁན་གྱི་བུད་མེད་རྣམས་ཀྱིསHPVའགོག་མི་ཐུབ་པས། ཁོ་ཚོར་མངལ་སྐེའི་འབྲས་སྐྲན་འབྱུང་སླ་བ་རེད། བཞི།གསོ་རིག་བདེ་སྲུང་གི་ཞབས་ཞུ་མི་ཐོབ་པ།དུས་བཅད་ལྟར་གསོ་རིག་བདེ་སྲུང་གི་ཞབས་ཞུ་མི་ཐོབ་པ་དང་འབྲས་སྐྲན་འཚག་བཤེར་མི་བྱེད་པའི་བུད་མེད་རྣམས་ལ་མངལ་སྐེའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ། ལྔ། ཁྱིམ་རྒྱུད་ཀྱི་ནད་རིགས་ཡོད་པ།ཁྱིམ་ཚང་གི་མི་ལ་མངལ་སྐེའི་འབྲས་སྐྲན་ཕོག་མྱོང་བ་དེ་ཡང་ཉེན་ཁའི་རྒྱུ་རྐྱེན་ནང་གི་གཅིག་ཡིན།

        སྔ་མོ་ནས་མངལ་སྐེའི་འབྲས་སྐྲན་ཡོད་པ་ཤེས་པའི་གནད་འགག་ནི་བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་ལུས་པོར་རྒྱུས་ལོན་ཟབ་མོ་བྱེད་དགོས་པར་མ་ཟད། རང་ཉིད་ལ་མཚོན་ན་གནས་ཚུལ་གང་དག་ནི་རྒྱུན་ལྡན་ཡིན་མིན་ཤེས་རྒྱུ་དེ་རེད། ཟླ་མཚན་འབབ་པའི་དུས་ཚོད་དང་འབབ་ཡུན། འབབ་གྲངས་སོགས་ཤེས་དགོས་ལ།གཞན་ད་རུང་ཆོས་ཉིད་ཡོད་པའི་སྒོ་ནས་རྐེད་པ་ན་བ་དང་གསུས་ཁོག་ན་བ་སོགས་ཀྱི་གནས་ཚུལ་ཡོད་མེད་གསལ་པོར་ཤེས་དགོས། གལ་ཏེ་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ཚེ་མྱུར་དུ་སྨན་ཁང་དུ་སྟོན་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1