ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 10-16


       ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱས་པ་དང་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་བ།

       ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་སྤྱི་ཚེས་15ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་གནང་ཡོད། 

       བློ་མཐུན་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་ཡོད།

       གྲོས་ཚོགས་ཐོག་དང་ཐོག་ཚོགས་ཆེན་གྱི་དྲུང་ཆེ་ཝང་ཧུའུ་ཉིང་གི་གཙོ་སྐྱོང་འོག་ལག་པ་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སོགས་མི་46ལས་གྲུབ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མིང་ཐོར་གྲོས་འཆམ་བྱུང་ཡོད། 

       དེ་རྗེས། གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གི་གཙོ་སྐྱོང་འོག་གྲོས་རིམ་ཁག་ལེགས་གྲུབ་བྱུང་ཡོད། གྲོས་ཚོགས་ཐོག་ལག་པ་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པའི་ཐོག་ནས་ཏིང་ཞུའེ་ཞང་དང་ཁྲེན་ཞི། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་བཅས་ནས་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་གནང་རྒྱུར་གྲོས་འཆམ་བྱུང་ཡོད།

       གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུར་གྲོས་འཆམ་བྱུང་ཡོད།  

       སྙན་ཞུའི་ནང་། རྒྱལ་ཡོངས་ཀྱི་འདེམས་བསྐོའི་ཚན་པ་ཁག་གིས་བདམས་པ་མ་ཟད་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཡོངས་བསྒྲགས་བྱས་པའི་འཐུས་མི་ཁྱོན་2296ཡོད་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་འཐུས་མི་2296གི་ཐོབ་ཐང་གོ་ཆོད་པ་གཏན་འཁེལ་བྱུང་ཡོད། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་2296ཡོད་ཅེས་བསྟན་ཡོད་པ་རེད།  

       སྙན་ཞུའི་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་འདེམས་བསྐོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། ན་ནིང་སྤྱི་ཟླ་11པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་འདེམས་བསྐོའི་ཚན་པ་ཁག་གིས་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་རྒྱུན་འཁྱོངས་དང་ཏང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཐོག་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཐུས་མིའི་འདེམས་བསྐོའི་ལས་དོན་གྱི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱས་པ་དང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ། ཐོབ་ཐང་གི་ཆ་རྐྱེན་ནན་པོ་བཟོས་པ། འདེམས་བསྐོའི་གོ་རིམ་ནན་པོ་བཟོས་པ། འདེམས་བསྐོའི་སྒྲིག་ལམ་ནན་པོ་བཟོས་པ་བཅས་བྱས་ཏེ་འཐུས་མིའི་འདེམས་བསྐོའི་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད་ཅེས་བསྟན་ཡོད་པ་རེད།

       སྙན་ཞུའི་ནང་། འཐུས་མི་འདེམས་པའི་བརྒྱུད་རིམ་ནང་འདེམས་བསྐོའི་ཚན་པ་ཁག་གིས་འོག་ནས་གོང་དང་། གོང་འོག་ཟུང་འབྲེལ། གྲོས་བསྡུར་ཡང་ཡང་། རིམ་པ་བཞིན་གདམ་གསེས་བཅས་རྒྱུན་འཁྱོངས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་དང་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རྒྱ་ཆེའི་ཏང་ཡོན་བཅས་ཀྱི་བསམ་འཆར་ལ་གང་ལེགས་གསན་པ་དང་། རྒྱལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ནས་ཐེ་ཞུགས་བྱ་རྒྱུ་ཆ་ཚང་ལ་ཁྱབ་པ། ཏང་ཡོན་ཞུགས་ཚད་བརྒྱ་ཆ་99.5ཟིན་ཡོད། ཆབ་སྲིད་ཀྱི་ཚད་གཞི་དེ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་བྱ་རྒྱུ་གཏིང་ཟབ་ཏུ་དང་ཞིབ་ཚགས་སུ་བཏང་བ། མི་འདེམས་པའི་ཆབ་སྲིད་ཀྱི་ཚད་གཞི་ནན་པོ་སྲུང་བ། ལྟ་ཞིབ་བྱ་ཡུལ་ཚང་མར་དགོས་ངེས་བཞིའི་ཞིབ་བཤེར་ནན་ཏན་བྱས་པ་མ་ཟད་སྲིད་གཙང་བསམ་འཆར་གྱི་མཆན་འགོད་གཉིས་ལག་བསྟར་བྱས་ཡོད། བསྡུ་ལེན་བྱས་པའི་བསམ་འཆར་དང་ཞིབ་བསྡུར་བྱས་པའི་གནས་ཚུལ་ལ་གཞིགས་ཏེ། འཐུས་མི་བྱ་རྒྱུ་དང་འཚམ་པོ་མེད་རིགས་ལེགས་སྒྲིག་བྱས་ཡོད། འདེམས་བསྐོའི་ཚན་པ་ཁག་གིས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་སམ་ཏང་ཨུད་(ཏང་ཙུའུ)ཀྱི་རྒྱས་འཛོམས་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། འདེམས་ཤོག་འཕེན་པའི་ཐོག་ནས་འཐུས་མིའི་འོས་འདེམས་མི་སྣའི་གྲ་སྒྲིག་འོས་མི་གཏན་འཁེལ་བྱས་ཡོད། བོད་ལྗོངས་དང་ཤིན་ཅང་དུ་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་ལྟར་གྲངས་མཚུངས་འདེམས་བསྐོ་ལག་བསྟར་བྱས་པ་ཕུད།  འདེམས་བསྐོའི་ཚན་པ་ཁག་གིས་ཏང་གི་འཐུས་མི་ཚོགས་ཆེན་ནམ་ཏང་གི་འཐུས་མིའི་གྲོས་ཚོགས་སྐོང་འཚོགས་བྱས་པ་བརྒྱུད་ཁྱད་གྲངས་འདེམས་བསྐོའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་བདམས་ཡོད། ཁྱད་གྲངས་ཀྱི་བསྡུར་གྲངས་ཚང་མ་བརྒྱ་ཆ་15ལས་མང་བ་ཡོད་པས་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཡོད། འཐུས་མི་འདེམས་པའི་ལས་དོན་གྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་པ་དང་། ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་བརྒྱུད་རྣམ་པ་སྣ་ཚོགས་ཐོག་ནས་འཐུས་མི་འདེམས་པའི་ལས་དོན་གྱི་གནས་ཚུལ་སྤེལ་ཡོད་ཅེས་བསྟན་ཡོད།

       སྙན་ཞུའི་ནང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནི་སྤྱིའི་ཆ་ནས་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་པ་དང་། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོ་བ་དང་། སྤྱོད་ཚུལ་ཀུན་སྤྱོད་ལེགས་པ། དོན་དག་ལ་གྲོས་བསྡུར་བྱེད་པའི་ནུས་པ་ཆེ་བ་བཅས་ཡོད། རང་སོའི་ལས་གནས་ཐོག་དམིགས་བསལ་གྱི་གྲུབ་འབྲས་བཏོད་ཡོད་པས། གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་བ་ཤ་སྟག་ཡིན་པ་རེད། འཐུས་མིའི་གྲུབ་ཆ་དང་ཁྱབ་ཁོངས་ཅུང་ལུགས་དང་མཐུན་པ་དང་། གྲུབ་ཆའི་བསྡུར་ཚད་ཁག་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཡོད་པས། འཐུས་ཚབ་རང་བཞིན་ཆེན་པོ་ལྡན་ཡོད་ཅེས་བསྟན་ཡོད། 

       སྙན་ཞུའི་ནང་། ཚོགས་ཆེན་བཅུ་དགུ་པའི་སྐབས་ཀྱི་བྱེད་སྟངས་ལ་དཔེ་བླངས་ནས། ཏང་ཀྲུང་དབྱང་གིས་དམིགས་བསལ་གདན་ཞུ་བྱས་པའི་འཐུས་མི་83ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་རྒྱུའི་གཏན་འཁེལ་བྱས་ཡོད་པ་དང་། དམིགས་བསལ་གདན་འདྲེན་ཞུས་པའི་འཐུས་མིར་གཅིག་མཚུངས་ཀྱི་དབང་ཆ་ཡོད་ཅེས་བསྟན་ཡོད། 

       གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འདེམས་བསྐོའི་བྱ་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་བྱ་རྒྱུར་ཕུལ་ཡོད།

       གྲོས་ཚོགས་ཐོག་ད་དུང་ཟུར་ཞུགས་གནང་མཁན་དང་སྐུ་མགྲོན་གྱི་དོན་དག་ལ་གྲོས་འཆམ་བྱུང་ཡོད། ཀྲུང་དབྱང་ནས་ཏང་ནང་ཁུལ་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་ཏང་ཕྱིའི་མི་སྣ་ཁག་ཅིག་ཚོགས་ཆེན་ལ་ཟུར་ཞུགས་གནང་རྒྱུར་གདན་ཞུ་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ཚོགས་ཆེན་ལ་ཟུར་ཞུགས་གནང་མཁན་གྲས་སུ་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་མིན་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་མིན་པ་དང་དམིགས་བསལ་གདན་ཞུ་བྱས་པའི་འཐུས་མི་མིན་པའི་དེ་སྔའི་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། དེ་བཞིན་འབྲེལ་ཡོད་བློ་མཐུན་གཞན་དག་བཅས་ཁྱོན་མི་354ཡོད་པ་རེད། སྐུ་མགྲོན་གྱི་ངོས་ནས་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་སྒྲིལ་ཚོགས་འདུར་ཞུགས་མཁན་གྲས་སུ་ད་ལྟ་ལས་ཐོག་ཏུ་ཡོད་པ་དང་དེ་སྔ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གནང་མྱོང་བའི་ཏང་ཕྱིའི་མི་སྣ་དང་། པེ་ཅིང་དུ་ཡོད་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ནང་གི་དམངས་གཙོ་ཏང་ཤོག་དང་། ཏང་ཤོག་གང་ལའང་མི་གཏོགས་པ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཁྱོན་མི་154ཡོད་པ་རེད།

       ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐོག་ད་དུང་ཚོགས་ཆེན་ཉི་ཤུ་པའི་ཉིན་རེའི་གྲོས་རིམ་ལ་གྲོས་འཆམ་བྱུང་ཡོད། ཉིན་རེའི་གྲོས་རིམ་འདིར་གཞིགས་ན། ཚོགས་ཆེན་ཉི་ཤུ་པ་སྤྱི་ཟླ་10ཚེས་16ཉིན་གྱི་སྔ་དྲོ་འཚོགས་འགོ་ཚུགས་རྒྱུ་དང་། སྤྱི་ཟླ་10པའི་ཚེས་22ཉིན་གྱི་སྔ་དྲོ་གྲོལ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1