ལི་ཀྲན་ཧྲུའུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་གྱི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-18


སྤྱི་ཚེས་17ཉིན། བློ་མཐུན་ལི་ཀྲན་ཧྲུའུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་གྱི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས་ནས་འཐུས་མི་རྣམས་དང་ལྷན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལ་གྲོས་བསྡུར་གནང་། ལི་ཀྲན་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་གནང་མཛད་པའི་སྙན་ཞུ་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས། 

ལི་ཀྲན་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་གནང་མཛད་པའི་སྙན་ཞུའི་བརྗོད་བྱ་གཙོ་བོ་ཁ་གསལ་ཞིང་བརྗིད་ཉམས་ལྡན་པ། མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གནང་ཞིང་། མར་ཁེ་སི་རིང་ལུགས་བདེན་དོན་གྱི་འོད་ཟེར་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། སྙན་ཞུའི་ནང་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཐོབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཕྱོགས་བསྡོམས་བྱས་ཡོད། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་ཀྲུང་གོ་གུང་ཁྲན་ཏང་མིའི་འགན་འཁྲི་དང་ལས་འགན་བཏོན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་མཐུན་སྒྲིལ་ཧུར་བརྩོན་བྱེད་དགོས་པའི་སྐུལ་སློང་བཀའ་རྒྱ་རེད་ཅེས་བསྟན།

ལི་ཀྲན་ཧྲུའུ་ཡིས་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱས་པ་དང་ལོ་རྒྱུས་དེབ་ཐེར་དུ་བཀོད་པ་རེད། གྲུབ་འབྲས་དེ་དག་ནི་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་ན། གསར་རྩོམ་རང་བཞིན་དང་འགག་སྒྲོལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལྡན་ལ། ལམ་ལུགས་ཀྱི་ཐོག་ནས་བཤད་ན་གསར་གཏོད་རང་བཞིན་དང་མ་ལག་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ལྡན། ལག་ལེན་གྱི་ཐོག་ནས་བཤད་ན་རྩ་བའི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ལྡན་པས། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཞེས་གསུངས།

གྲུབ་འབྲས་འདི་དག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་དངོས་པོའི་རྨང་གཞི་སྔར་ལས་བརྟན་པོ་དང་ལམ་ལུགས་ཀྱི་འགན་ལེན་སྔར་ལས་འཐུས་སྒོ་ཚང་བར་ཁག་ཐེག་བྱས། དུས་རབས་གསར་པའི་ཀྲུང་གོར་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ལ་ཞིབ་བཤེར་གང་ལེགས་ཐོབ་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ལྡོག་མེད་རང་བཞིན་དང་ལམ་ལུགས་ཀྱི་འགྲན་རྩོད་ནུས་པ་གང་ལེགས་མངོན་པ་བཅས་རེད།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། དེ་རིང་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་དེ་བས་ཉེ་བ་དང་དེ་བས་ཡིད་ཆེས་དང་ནུས་པ་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་གསུངས།

ལི་ཀྲན་ཧྲུའུ་ཡིས"གཏན་འཁེལ་གཉིས"ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་འཛུགས་སྐྲུན་གྱི་ཆབ་སྲིད་གྲུབ་འབྲས་གལ་ཆེ་ཤོས་ཤིག་ཡིན་ལ་དུས་རབས་གསར་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱལ་ཁ་དེ་རྒྱལ་ཁ་གསར་པའི་ཕྱོགས་སུ་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་འགན་ལེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ལ། ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་བྱུང་བ་དང་མཚོན་རྟགས་རང་བཞིན་ལྡན་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དེ་རྩ་བའི་ཐོག་ནས་བཤད་ན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གྱི་གནས་བབ་གཏན་འཁེལ་བྱས་པས་རེད་ཅེས་གསུངས།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་བདེན་དོན་ལ་ཕྱིར་བཤོལ་མི་བྱེད་པར་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱས་ནས། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པར་སྐུལ་འདེད་བཏང་བ་དང་། འཐབ་རྩོད་རླབས་པོ་ཆེ་དང་སྤྱི་ཚོགས་འཕོ་འགྱུར་གལ་ཆེན་གྱི་འགག་རྩའི་དུས་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་སྟོན་པ་དང་སྣེ་ཁྲིད་བྱེད་པའི་འགག་རྩའི་ནུས་པ་འདོན་སྤེལ་གནང་དང་གནས་བཞིན་ཡོད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བློ་མཐུན་ཞི་ཅིན་ཕིང་གིས་ཚབ་མཚོན་གཙོ་བོར་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་གནང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདི་ཡོངས་ཁྱབ་ཏུ་མི་དམངས་མང་ཚོགས་ཀྱིས་དང་ལེན་དང་ཁོང་དུ་ཆུད་པ། བེད་སྤྱོད་བཅས་བྱས་པས། ཏང་དང་མི་དམངས་ཀྱི་བྱ་གཞག་གོང་དུ་སྤེལ་བར་སྣེ་ཁྲིད་དང་ཁྲིད་སྟོན་ནུས་ལྡན་བྱས་ཏེ་དུས་རབས་ཉེར་གཅིག་པར་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་གསར་པ་རྒྱས་ཡོད།

ལི་ཀྲན་ཧྲུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡུན་རིང་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་ནན་གསུང་གནང་།

"གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས"འདུ་ཤེས་བཞི"་ཟབ་ཏུ་གཏོང་བ་དང"གདེང་ཚོད་བཞི"བརྟན་དུ་གཏོང་བ། "སྲུང་སྐྱོང་གཉིས"བསྒྲུབ་ཐུབ་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་པའི་བརྗིད་ཉམས་ལྡན་པའི་འཆར་གཞི་དོན་དངོས་སུ་འགྱུར་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཛེས་སྡུག་སྔར་ལས་ལྡན་པའི་ལེའུ་གསར་པ་བརྩམ་དགོས། །   (སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1