ཏང་གི་ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཐུན་མོང་གི་བཅར་འདྲི་ཐེངས་བཞི་པ་འཚོགས།སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་བཏབ།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-20


 

སྤྱི་ཟླ་10པའི་ཚེས་19ཉིན་གྱི་ཆུ་ཚོད་19དང་སྐར་མ་30ཡི་ཐོག ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཐུན་མོང་གི་བཅར་འདྲི་ཐེངས་བཞི་པ་འཚོགས་ཏེ། ཁྲུང་ཆིང་དང་སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། ཧྲན་ཞི། ཀན་སུའུ་བཅས་ཀྱི་འཐུས་ཚབ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཚོགས་འདུར་ཞུགས། སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ། སི་ཁྲོན་ཞིང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲེང་ལི་ཡིས་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་གྲོས་བསྡུར་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད་རྒྱལ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།

ཀྲེང་ལི་ཡིས་ཐོག་མར་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་གྲོས་བསྡུར་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཁོ་མོས་ཉིན་འདི་དག་གི་གྲོས་བསྡུར་བྱས་པའི་ཁྲོད། འཐུས་མི་ཚོས་འཚང་ཁ་ཤིག་ཤིག་ངང་གཏམ་བཤད་སྤེལ་ནས"སྐད་སྦུག་འཕྲོག་པའི"རྣམ་པ་ཡང་ཡང་བྱུང་བཞིན་ཡོད་ཅེས་བཤད། འཐུས་མི་རྣམས་ཀྱིས"གཡང་གཟར་གྲོང་ཚོའི"མང་ཚོགས་ཐོག་བརྩེགས་ཅན་གྱི་ཁང་པའི་ནང་གནས་སྤོ་བྱས་པ་དང་། གངས་ལྗོངས་ས་མཐོའི་གྲོང་གསེབ་ཏུ་ཕྱུག་འགྱུར་གྱི་རྒྱ་སེ་མེ་ཏོག་བཞད་པ། "ཐའེན་ཧྥུའུ་འབྲུ་མཛོད"དུ་སླར་ཡང་ཚན་རྩལ་གྱི་འབྲུ་རིགས་གསར་པ་ཁ་སྣོན་བྱས་པ། རྒྱལ་ཁབ་ཆེན་པོའི་ལས་གྲྭ་དེ་དཔེ་རིས་ནས་དོན་དངོས་སུ་གྱུར་པ། སན་ཞིན་ཏུའེ་ཡི་གནའ་ཤུལ་ནས་སླར་ཡང་གནས་རྫས་གསར་པ་འདོན་སྤེལ་བྱས་པ་སོགས་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་དུས་རབས་གསར་པའི་ལོ་10ཡི་རིང་སི་ཁྲོན་ལ་བྱུང་བའི་འཕོ་འགྱུར་ཆེན་པོ་གསོན་ཉམས་ལྡན་པའི་ངང་མཚམས་སྦྱོར་བྱས། འཐུས་མི་ཚོས་སི་ཁྲོན་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བའི་འབྱུང་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་དང་སྣེ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་བར་རག་ལས་ཡོད་པར་ངོས་འཛིན་མགྲིན་གཅིག་ཏུ་བྱས།

 ཀྲེང་ལི་ཡིས་ལྷག་བསམ་ཟོལ་མེད་ངང་སྨྱན་སྦྱོར་ཁག་གི་གྲོགས་པོ་རྣམས་སི་ཁྲོན་དུ་ཕེབས་ཏེ། ཡུལ་དངོས་ནས་དུས་རབས་གསར་པའི"ཐའེན་ཧྥུའུ་རྒྱལ་ཁམས"ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཉམས་སུ་མྱོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དེ་སི་ཁྲོན་གྱི་ས་གཞི་ཆེན་མོར་གསོན་ཉམས་ལྡན་པའི་ལག་ལེན་བྱས་པར་ཐུན་མོང་ཐོག་བདེན་དཔང་བྱ་བར་གདན་ཞུ་བྱས།

 ཀྲེང་ལི་ཡིས་སི་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། གསར་གཏོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་སྣེ་ཁྲིད་བྱེད་པར་ཤུགས་རྒྱག་པ་དང་། བཟོ་སྐྲུན་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་ལ་ཧུར་ཐག་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་ཐེག་ཁུལ་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་པ་དང་། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་མགྱོགས་མྱུར་ངང་གཅིག་སྡུད་བྱེད་པ། ཐོན་ལས་མགྱོགས་མྱུར་ངང་མཐོ་འབྲིང་རིམ་པའི་ཕྱོགས་སུ་བསྐྱོད་པར་བྱེད་པ་དང་། ས་ཁོངས་འཐབ་ཇུས་འགྲན་རྩོད་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ཆགས་པར་བྱེད་པ། རྗེས་སུ་ང་ཚོས་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བཅས་བྱས་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམ་རྒྱུ་ཡིན་ཞེས་བཤད། 

ཀྲེང་ལི་ཡིས"སི་ཁྲོན་ཁྲུང་ཆིང་ཁྱིམ་ཚང་གཅིག་གི་མི། བརྩེ་བས་ལག་གདང་སྦྲེལ་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད"ཅེས་པའི་ཐུན་མོང་གི་ངོས་འཛིན་འདི་མི་སེར་ཀུན་གྱི་སེམས་གཏིང་དུ་ཟུག་ཡོད། ད་ཐེངས་ཀྱི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དུའང་ང་ཚོས་སྤྲོ་སེམས་ཆེན་པོའི་ངང་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གལ་ཆེན་ནང་བཞག་ཡོད་པ་མཐོང་། ང་ཚོས་མུ་མཐུད་དེ་ཁྲུང་ཆིང་དང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། མཉམ་དུ"གྲོང་ཁྱེར་གཉིས་ཀྱི་ཟིན་ཐོ"ཡག་པོ་འགོད་པ་དང"དཔལ་འབྱོར་ཁུལ"མཉམ་སྐྲུན་བྱ་རྒྱུ་ཡིན་ཞེས་བཤད། །   (སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར།)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1