དམངས་ལ་ཕན་པ་བསྐྲུན་ནས་དམངས་ཀྱི་འཚོ་བའི་སྤུས་ཚད་ལེཊ་སུ་གཏོང་དགོས།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 10-21


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། གོང་འཕེལ་གཏོང་རིང་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་དང་། ཐུན་མོང་འབད་འཐབ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པར་བསྔགས་སྐུལ་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ཟམ་མི་ཆད་པར་མངོན་འགྱུར་བྱེད་དགོས་ཞེས་བསྟན་གནང་ཡོད། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཚོས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་སྐབས། རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་པོར་དམིགས་ནས། དམངས་འཚོར་ཕན་པ་བསྐྲུན་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་སྔར་བས་མང་བ་སྤྱོད་པ་དང་། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ། ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

       དམངས་ལ་ཕན་བདེ་སྐྲུན་པ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དོ་སྙོམས་རང་བཞིན་དང་བསྒྲུབ་རུང་བའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་སྤེལ་ཏན་ཏིག་གཏོང་དགོས་ཞེས་གསལ་པོར་བསྟན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཡེ་ཅན་ཁྲུན་གྱིས། གྲངས་འཛིན་ཅན་ལ་བརྟེན་ནས་ཐོན་ལས་རིམ་སྤོར་དང་སྤྱི་པའི་འདུ་གནས་ཀྱི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། གྲངས་འཛིན་ནུས་སྤྲོད་ལ་ཤུགས་སྣོན་བརྒྱབ་ནས་རིམ་སྤོར་རྣམ་པའི་རིག་ནུས་བཟོ་གྲྭ་དང་འབྱུང་འགྱུར་བཟོ་གྲྭ་ཁག་གཅིག་གཏོད་པ་དང་། “གྲོང་ཁྱེར་གྱི་ཀླད་ཆེན”མ་དཔེ་ཁྱབ་གདལ་གཏོང་བ། སྤྱི་པའི་འདུ་གནས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲངས་འཛིན་འཚོ་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད།

       ཀྲེ་ཅང་ཉིང་པོ་ཡི་གཞི་རིམ་ནས་ཕེབས་པའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཧྥུའུ་ཕིང་ཅུན་གྱིས། གྲོང་ཚོ་གཅིག་ཕྱུག་པོ་ཆགས་པ་དེ་ཕྱུག་པོ་མིན་པར། གྲོང་ཚོ་ཚང་མ་ཕྱུག་པོ་ཆགས་པ་ནི་གཞི་ནས་དངོས་འབྲེལ་ཕྱུག་པོ་ཆགས་པ་ཡིན། ཉིན་པོ་གྲོང་ཁྱེར་ཧྥུང་ཧྭ་ཁུལ་ཐེང་ཐོའུ་གྲོང་ཚོས་ཀྲེ་ཅང་གི་སྤུས་ཚད་མཐོ་པོའི་གོང་འཕེལ་གྱི་ཐུན་མོང་ཕྱུག་འགྱུར་དཔེ་སྟོན་གྲོང་ཚོ་སྐྲུན་བཞིན་ཡོད་ཅེས་གསུངས་པ་རེད།

       ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་པོར་དམིགས་ཐོག དམངས་འཚོར་ཕན་བདེ་བསྐྲུན་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་སྔར་ལས་མང་བ་སྤྱད་དེ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཀུའེ་ཀྲོའུ་ཡི་གཞི་རིམ་ནས་ཕེབས་པའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཡོན་ཆིན་གྱིས། སྙན་ཞུའི་ནང་གི་འབྱུང་འགྱུར་ལོ་ལྔ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་ནང་གི་གཞི་རིམ་བཅོས་སྐྱོང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བཀོད་སྒྲིག་གསར་པ་དེས་ང་ཚོའི་སླད་ཕྱིན་གྱི་ལས་དོན་ལ་བརྩི་སྲུང་ཞུ་ཡུལ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་གསུངས་པ་རེད།

       ནང་སོག་ཝུའུ་ཧའེ་གྲོང་ཁྱེར་གྱི་གཞི་རིམ་ནས་ཕེབས་པའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཝང་ཀའེ་མེ་ཡིས། ངས་མང་ཚོགས་དང་ཐག་ཉེ་ཤོས་ཀྱི་ས་ཆར་བརྟག་ཞིབ་དང་གྲོས་བསྡུར་མང་ཙམ་བྱས་ཏེ། བརྩེ་སེམས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་སེམས་ནད་ཡག་པོ་བསལ་ནས་མང་ཚོགས་དང་སྙིང་ཉེ་བའི་གྲོགས་པོ་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

       སྡོད་ཁང་གི་གནད་དོན་དེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པས། ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། གཙོ་གཟུགས་མང་པོས་མཁོ་སྤྲོད་དང་། ཐབས་ལམ་མང་པོར་བརྟེན་ནས་འགན་ལེན། བོགས་གཏོང་ཉོ་སྒྲུབ་བཅས་མཉམ་འཛིན་གྱི་སྡོད་ཁང་ལམ་ལུགས་གང་མགྱོགས་བཟོ་དགོས་ཞེས་བསྟན་ཡོད། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཡོན་ཅ་ཅན་གྱིས། ཐབས་མང་མཉམ་སྤྱོད་ཀྱིས་མི་དམངས་མང་ཚོགས་ཀྱི་སྡོད་ཁང་གི་དགོས་མཁོ་སྔར་བས་ཡག་པོ་སྐོང་དགོས། གསར་སྐྲུན་བཅོས་སྐྲུན་དང་། གླིང་ཁུལ་བཀོད་སྒྲིག་འཛུགས་སྐྲུན། ཁེ་ལས་རང་སྐྲུན། ཁྲོམ་རའི་འཁོར་སྐྱོད་སོགས་རྣམ་པ་སྣ་མང་བརྒྱུད་དེ། ཤེས་ལྡན་མི་སྣའི་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་སྡོད་ལས་བརྩོན་ཏན་ཏིག་ཐུབ་པ་བྱ་དགོས་ཞེས་གསུངས་ཡོད་པ་རེད།

       ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས་ཞེས་གསལ་པོར་བསྟན་ཡོད། ཧེ་ལུང་ཅང་ཧའར་པིན་གྲོང་ཁྱེར་གྱི་གཞི་རིམ་ནས་ཕེབས་པའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཧའོ་ལི་ཡིང་གིས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་རྒན་གསོ་སོགས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་འབད་བརྩོན་བྱེད་དགོས། རྒན་རྒོན་ལ་འཚམ་པའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་རྒན་རྒོན་ཚོའི“བདེ་སྐྱིད་རྒན་གསོའི”དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས། དེས་མ་ཚད་རིག་ལྡན་སྡེ་ཁུལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་ནས་ང་ཚོའི་གྲོང་མིའི་འཚོ་བ་སྔར་བས་བློ་བདེ་དང་སྔར་བས་སྐྱིད་པོ་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

       ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྲོག་སྐྱོབ་སྨན་བཅོས་མ་ལག་དང་མཁོ་བསྟུན་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། འགོས་ནད་ཚབས་ཆེན་མཆེད་རྒྱུར་བཀག་འགོག་ནུས་ལྡན་བྱེད་དགོས་ཞེས་བསྟན་ཡོད། ཐེན་ཅིན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ནས་ཕེབས་པའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཀྲང་ཡིང་གིས། ས་གནས་དེ་གའི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་བྱ་ཐབས་དང་གྲོས་འགོ་དེ་བས་མང་བ་བཏོན་ནས། དེ་དག་དམངས་ཕན་བདེ་ཐང་སྲིད་ཇུས་དང་སྤྱི་པའི་ཐོན་རྫས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1