ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་གྲོལ་བ། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ སྤེལ་དུས། 10-24


   ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་གྲོལ་བ། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་མ་ཟིན)སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ། ཞི་ཅིན་ཕིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ།

       ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་མ་ཟིན)སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་རྗེས། སྤྱི་ཚེས་22གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།

       ཚོགས་ཆེན་ཐོག ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཐོག་སྟོང་བཤད་ཀྱིས་རྒྱལ་ཁབ་ཕུང་བར་བྱེད་པ་དང་དངོས་སྒྲུབ་ཀྱིས་རྒྱལ་ཁབ་དར་བར་བྱེད་པ་བློ་ལ་བརྟན་པོར་ངེས་པ་དང་། ཡིད་ཆེས་བརྟན་པོ་དང་བློ་སེམས་གཅིག་སྒྲིལ། དཀའ་སྤྱད་འབད་འཐབ། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། 

       བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།

       ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཏིང་ཞུའེ་ཞང་། ཝང་ཁྲེན། ལིའུ་ཧོ། ཞུའེ་ཆི་ལིའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་རྨིན་ཨེར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཧུའུ་ཅིན་ཐའོ། ལི་རུའེ་ཧོན། ཝུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལེའུ་ཡུན་ཧྲན། ཀྲང་ཀའོ་ལི། ཡིའུ་ཆོན། ཀྲང་ཆིང་ལི་སོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

       སྔ་དྲོའི་ཆུ་ཚོད་9པའི་ཐོག་མཇུག་སྒྲིལ་ཚོགས་འདུ་འགོ་ཚུགས་ཡོད།   

       ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི་2378ཡོད་པ་དང་། དངོས་སུ་སླེབས་པ་2338ཡོད་པ།  དངོས་སུ་སླེབས་པའི་འཐུས་མིའི་གྲངས་འབོར་ཞུགས་དགོས་པའི་འཐུས་མིའི་གྲངས་འབོར་གྱི་ཕྱེད་ཀ་ལས་བརྒལ་བས་ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་ཀྱི་གཏན་འབེབས་དང་མཐུན་ཡོད་པ་རེད།

       གྲོས་ཚོགས་ཐོག་དང་ཐོག་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་པ་2དང་། འདེམས་ཤོག་ལྟ་སྐུལ་པ་36གི་མིང་ཐོར་གྲོས་འཆམ་བྱུང་ཡོད་པ་རེད།

       སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་པ་དང་འདེམས་ཤོག་ལྟ་སྐུལ་པའི་ལྟ་སྐུལ་འོག ཚོགས་ཞུགས་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མིས་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་བརྒྱུད་ཨུ་ཡོན་205དང་རྗེས་སྣོན་ཨུ་ཡོན་171ལས་གྲུབ་པའི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་པ་དང་།  སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་133བདམས་ཡོད་པ་རེད།

       ཆུ་ཚོད་11དང་སྐར་མ་9ཐོག ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཏང་གི་སྐབས་ཉི་ཤུ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་གནང་བས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད་པ་རེད།

       དེ་རྗེས། ཚོགས་ཆེན་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་སྙན་ཞུར་ཆོག་མཆན་ཐོབ་ཡོད། གྲོས་ཆོད་ནང་། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ནི་ཏང་དང་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་། ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་ཞེས་བསྟན་ཡོད།

       ཚོགས་ཆེན་ཐོག སྙན་ཞུའི་ནང་གསལ་བཤད་བྱས་པའི་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི་ཚོགས་ཆེན་གྱི་སྙིང་པོ་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་སྤྱིའི་རྩ་འཛིན་ཡིན། ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཐོག གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། བློ་མཐུན་ཞི་ཅིང་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ། རང་རྟོན་རང་སྟོབས། དྲང་སྲུང་གསར་གཏོད། བློ་སྟོབས་ཆེར་སྐྱེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་ངོས་འཛིན་གནང་ཡོད།

       ཚོགས་ཆེན་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཆེས་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན། ལོ་ལྔའི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་དང་། དྲང་སྲུང་གསར་གཏོད། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ཏེ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་ཉེན་ཁ་དང་འགྲན་རྩོད་ཆེན་པོར་ཁ་གཏད་ནུས་ལྡན་བཅག་པ་དང་། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ། དུས་ཡུན་རིང་པོའི་ནང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱས་པ་དང་། ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་བྱ་བ་གལ་ཆེན་མང་པོ་ཞིག་བསྒྲུབས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པའི་ངོས་འཛིན་གནང་ཡོད།

       ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་ལོ་བཅུ་སོང་རིང་། ང་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུས་པ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པ། གསུམ་ནི་དབུལ་སྒྲོལ་འགག་གཏོར་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ནས་ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་བཅས་ཡིན། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ནི་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་གོང་འཕེལ་གྱི་ལོ་རྒྱུས་བཅས་ཀྱི་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་སྔར་བས་སྟོབས་དང་ལྡན་པར་གྱུར་བ་དང་། ཀྲུང་གོའི་མི་དམངས་ལས་དེ་བས་ཤུགས་དྲག་ཆེ་བའི་ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་གྱི་སྙིང་སྟོབས་མངོན་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སྐྱོད་པ། ཚན་རིག་སྤྱི་ཚོགས་རིང་ལུགས་ལ་དུས་རབས་ཉེར་གཅིག་པའི་ཀྲུང་གོར་དཔྱིད་དཔལ་བཞད་པ་ལྟ་བུའི་སྐྱེ་སྟོབས་གསར་པ་འཕེལ་བ་བཅས་བྱུང་ཡོད་ཅེས་ནན་སྟོན་གནང་ཡོད།

       ཚོགས་ཆེན་ཐོག དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པ་ཞིག་ཡིན། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དེའི་ཐོག་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དེ་ནི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་ཡིན། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བར་ཆེས་ཁ་ཚ་དགོས་གཏུགས་ནི་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་དེ་རེད་ཅེས་ནན་བཤད་གནང་ཡོད།

       ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ་དང་། མཐོང་རྒྱ་གསར་རྐྱང་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྱོང་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་བྱུང་བས་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཅིང་། དེ་དག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་ནས་གཅིག་སྡུད་དུ་མངོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི་ཁ་གསལ་བཅུ་དང་། རྒྱུན་འཁྱོངས་བྱེད་དགོས་པ་བཅུ་བཞི། ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས་བཅས་ཀྱི་ཐོག་དགོངས་དོན་དེའི་ནང་དོན་གཙོ་བོ་ཕྱོགས་བསྡུས་བྱས་ཡོད་པས་ངེས་པར་དུ་དེ་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

       ཚོགས་ཆེན་ཐོག ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་བསྟན་ཡོད།

       ཚོགས་ཆེན་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། དེར་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ཡོད་ལ། དེ་བས་ཀྱང་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེ་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་པའི་དེང་རབས་ཅན་བཅས་ཡིན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་ཡོང་བ་བྱ་རྒྱུ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་རྒྱུ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་རྒྱུ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་རྒྱུ་བཅས་ཡིན་ཞེས་བསྟན་ཡོད།

       ཚོགས་ཆེན་ཐོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ནི། གོམ་པ་གཉིས་ལ་དབྱེ་ནས་བསྐྱོད་རྒྱུ་ཡིན་པ་སྟེ། སྤྱི་ལོ་2020ལོ་ནས་སྤྱི་ལོ་2035ལོའི་བར་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། སྤྱི་ལོ་2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་དམངས་གཙོ། ཤེས་དཔལ། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ལ་བསྐྲུན་ཚར་བ་བྱ་རྒྱུ་དེ་ཡིན། འབྱུང་འགྱུར་གྱི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་འཛུགས་པའི་འགག་རྩའི་དུས་སྐབས་ཡིན་ཞེས་བསྟན་ཡོད།

       ཚོགས་ཆེན་ཐོག མདུན་སྐྱོད་ཀྱི་འགྲོ་ལམ་ཐོག ངེས་པར་དུ་གཤམ་གསལ་གྱི་རྩ་དོན་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པ་སྟེ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

       ཚོགས་ཆེན་ཐོག སྙན་ཞུའི་ནང་འབྱུང་འགྱུར་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཐད་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་མོས་མཐུན་གནང་ཡོད།

       ཚོགས་ཆེན་ཐོག ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

       ཚོགས་ཆེན་ཐོག དམག་འཛུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་ཡོང་བ་བྱས་ནས་མི་དམངས་དམག་དཔུང་འདི་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་གང་མགྱོགས་བསྐྲུན་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཡིན། ངེས་པར་དུ་ཞི་ཅིན་ཕིང་གི་དམག་ཧྲག་དགོངས་པ་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་དགོས་ཞེས་ནན་སྟོན་གནང་ཡོད།

       ཚོགས་ཆེན་ཐོག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་དང་། ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཡག་ཤོས་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་དང་། དུས་རབས་གསར་པར་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་རྒྱུན་འཁྱོངས། སེམས་ཐག་གཙང་བཅད་ཀྱིས་རང་བཙན་ཟེར་བར་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་པོར་འཛིན་པ། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

       ཚོགས་ཆེན་ཐོག་སྙན་ཞུའི་ནང་རྒྱལ་སྤྱིའི་དུས་བབ་ལ་དབྱེ་ཞིབ་དང་ཕྱི་འབྲེལ་ལས་དོན་ཐད་བཀོད་སྒྲིག་བྱས་པར་མོས་མཐུན་བྱས་ཡོད།

       ཚོགས་ཆེན་ཐོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་འགག་རྩ་དེ་ཏང་ལ་ཐུག་ཡོད། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་བྱེད་པའི་ལས་གཞི་རླབས་པོ་ཆེར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་རང་ངོས་གཙང་སེལ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། རྒྱུན་བསྲིངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བེད་སྤྱད་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་བླ་སྲོག་གཏོད་པ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་འགན་འཁྲི་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་སྒྲིག་འཛུགས་ནུས་པ་ཤུགས་ཆེར་གཏོང་བ། ཚད་གཞི་ནན་པོའི་ཐོག་ནས་སྤྱོད་གཙང་སྒྲིག་ནན་བཟོ་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་གཏོར་དམག་འཐབ་དང་རྒྱུན་བསྲིངས་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

       ཚོགས་ཆེན་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཡོད། ཚོགས་ཆེན་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་མ་ཟིན)སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། བཟོ་བཅོས་མ་ཟིན་དེ་གྲོས་འཆམ་བྱུང་བའི་ཉིན་མོ་ནས་བཟུང་ནུས་པ་ཐོན་རྒྱུ་ཡིན་པའི་གཏན་འབེབས་བྱས་ཡོད།

       ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་གོང་འཕེལ་བཏང་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་ཞིག་བཏོད་ཡོད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་སྐབས་ཀྲུང་གོའི་མར་ཁེ་སི་དང་། དུས་རབས་21པའི་མར་ཁེ་སི་རིང་ལུགས་ཡིན་པ་དང་། ཀྲུང་གོའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་ཉིང་བཅུད་ཡིན་པའི་ངོས་འཛིན་བྱས་ཡོད། ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གོང་འཕེལ་གསར་པ་ཏང་གི་སྒྲིག་ནང་བཅུག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་རིགས་གཞུང་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་སྔར་ལས་ལྷག་པའི་སྒོ་ནས་མངོན་པ་བྱ་རྒྱུར་མོས་མཐུན་གནང་ཡོད།

       ཚོགས་ཆེན་ཐོག ལོ་ངོ་བརྒྱ་ཡི་འབད་འཐབ་ལོ་རྒྱུས་ཁྲོད། ཏང་གིས་སྔ་བར་ཕྱི་གསུམ་དུ་ཏང་གི་ཐོག་མའི་བསམ་འདུན་དང་འོས་འགན་ལག་ལེན་བསྟར་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་ནང་ཆེས་རླབས་ཆེ་བའི་ལོ་རྒྱུས་སྙན་ངག་བརྩམས་ཡོད་ཅིང་། གྲུབ་འབྲས་རླབས་པོ་ཆེ་རབ་དང་རིམ་པ་བཏོད་ཡོད་པ། རྩ་ཆེའི་ལོ་རྒྱུས་ཉམས་མྱོང་གསོག་འཇོག་བྱས་ཡོད་པའི་ངོས་འཛིན་བྱས་ཡོད། ཚོགས་ཆེན་ཐོག་ཏང་གི་ཐོག་མའི་བསམ་འདུན་འོས་འགན་དང་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་རླབས་པོ་ཆེ་དང་ལོ་རྒྱུས་ཀྱི་ཉམས་མྱོང་གི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་བྱས་ཡོད། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཏང་དང་མི་དམངས་ཀྱི་འགྲན་ཟླ་བྲལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་རེད། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་འཐབ་རྩོད་བྱས་པ་ལས་བྱུང་བ་ཤ་སྟག་ཡིན། ཚོགས་ཆེན་ཐོག་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་བྱས་ཡོད།

       ཚོགས་ཆེན་ཐོག བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས་ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཟིན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་པ་བཅས་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་གནང་ཡོད། ཏང་གི་སྒྲིག་ཡིག་ལ་དེར་གཞིགས་ནས་འོས་འཚམས་ཀྱི་བཟོ་བཅོས་རྒྱག་དགོས་པའི་ངོས་འཛིན་བྱས་ཡོད།

       ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་བརྒྱུད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཏོན་པ་མ་ཟད། གང་དེ་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ལ་གཏན་འཁེལ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད། སྤྱི་ལ་དབང་བའི་ལམ་ལུགས་གཙོ་གཟུགས་སུ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་ཐོག་གོང་འཕེལ་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་གཟུགས་སུ་བྱེད་པ་དང་སྣ་མང་ཐོབ་སྤྲོད་བྱེད་སྟངས་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཀ་རྟེན་གལ་ཆེན་ཤ་སྟག་རེད། ཚོགས་ཆེན་ཐོག་གོང་གསལ་གྱི་ནང་དོན་རྣམས་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་བྱས་པ་དང་། མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་རིམ་བཞིན་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། གོང་འཕེལ་གྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་བྱ་རྒྱུ། གསར་སྐྲུན་དང་། མཐུན་སྦྱོར། སྦགས་མེད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་གཟུགས་སུ་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་རྣམ་པ་གསར་པ་འཛུགས་རྒྱུ་མགྱོགས་སུ་གཏོང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཤེས་ལྡན་མི་སྣ་ཐོན་ཁུངས་ཨང་དང་པོ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་དམངས་དཔལ་འབྱོར་སྤུས་ཚད་དེ་བས་ལེགས་པ་དང་ལས་ཕྱོད་དེ་བས་ཆེ་བ། དེ་བས་བཏང་སྙོམས། དེ་བས་རྒྱུན་མཐུད། དེ་བས་བདེ་འཇགས་གོང་འཕེལ་ཡོང་བ་སོགས་བྱ་རྒྱུའི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་བྱས་ཡོད།

       ཚོགས་ཆེན་ཐོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་ནི་རླབས་ཆེ་ལ་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན་པ་དང་། མདུན་ལམ་འོད་ཟེར་ལྡན་པ་དང་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱིའི་འཐབ་ཇུས་བཀོད་སྒྲིག་ནི། གོམ་པ་གཉིས་ལ་དབྱེ་ནས་བསྐྱོད་རྒྱུ་ཡིན་པ་སྟེ། སྤྱི་ལོ་2020ལོ་ནས་སྤྱི་ལོ་2035ལོའི་བར་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། སྤྱི་ལོ་2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་དམངས་གཙོ། ཤེས་དཔལ། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ལ་བསྐྲུན་ཚར་བ་བྱ་རྒྱུ་དེ་ཡིན། ཏང་གི་སྒྲིག་ཡིག་དེ་ལ་གཞིར་བཟུང་ནས་དེ་མཚུངས་ཀྱི་བཟོ་བཅོས་བརྒྱབ་ཡོད་པའི་ངོས་འཛིན་བྱས་ཡོད།

       ཚོགས་ཆེན་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུ་དང་། དེ་བས་རྒྱ་ཆེ་བ་དང་དེ་བས་ལེགས་པ། དེ་བས་འཐུས་ཚང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་རྒྱུ། དམངས་གཙོའི་འདེམས་བསྐོ་དང་དམངས་གཙོའི་གྲོས་མོལ། དམངས་གཙོའི་བཀོད་ཇུས། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཀྱི་ལམ་ལུགས་དང་གོ་རིམ་འཐུས་ཚང་འཛུགས་རྒྱུ། གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་བྱས་ཡོད།

       ཚོགས་ཆེན་ཐོག ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་དམག་དཔུང་དེ་འཛམ་གླིང་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། ཐའེ་ཝན་རང་བཙན་ཟེར་བར་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ། ཞི་བདེ་དང་གོང་འཕེལ། གཞུང་དྲང་། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཧྲིལ་པོའི་ཐུན་མོང་རིན་ཐང་ལྟ་བ་དར་སྤེལ་བཏང་ནས། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་བསྟུན་མཁས། དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་འཇུག་རྒྱུར་མོས་མཐུན་བྱས་ཡོད།

       ཚོགས་ཆེན་ཐོག བདེན་དོན་རྒྱུན་འཁྱོངས་དང་ཕུགས་འདུན་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་ལེན། འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་ལ་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་བྱེད་པ། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། རླབས་ཆེའི་རང་ངོས་གསར་བརྗེར་བརྟེན་ནས་རླབས་ཆེའི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱ་རྒྱུ་སོགས་ཀྱི་བླང་བྱ་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུ། ངེས་པར་དུ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོ་རུ་གཏོང་བ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་གཏོང་རྒྱུ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ། ཏང་གི་རང་ངོས་གསར་བརྗེ་དུས་ནམ་ཡང་ལམ་དུ་ཡོད་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་རྒྱུ། ཏང་གི་གཙོ་གཟུགས་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཁྱོན་ཡོངས་ནས་ཤུགས་ཆེར་གཏོང་རྒྱུ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་ཀྱི་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་སོགས་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུ། དུས་རབས་གསར་པའི་ཏང་གི་ཏང་འཛུགས་ལམ་ཕྱོགས་ཏང་འཛུགས་སྐྱོང་གི་གཞི་རྩའི་བླང་བྱར་བརྩི་ནས་རྒྱུན་འཁྱོངས་བྱ་རྒྱུ་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུ་བཅས་ལ་མོས་མཐུན་བྱས་ཡོད།

       ཚོགས་ཆེན་ཐོག ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོའི་བྱ་གཞག་ལ་འགོ་ཁྲིད་བྱེད་པའི་སྲོག་ཤིང་སྟོབས་ཤུགས་ཡིན་པ་དང་། ཏང་གི་འགོ་ཁྲིད་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་རྩ་བའི་འགན་ལེན་ཡིན་པའི་ངོས་འཛིན་བྱས་ཡོད། ཚོགས་ཆེན་ཐོག ཏང་ནི་ཆེས་མཐོའི་ཆབ་སྲིད་འགོ་ཁྲིད་སྟོབས་ཤུགས་ཡིན་པ་དང་། ཏང་གི་ཁྱོན་ཡོངས་འགོ་ཁྲིད་དང་ཤུགས་སྣོན་རྒྱག་རྒྱུ་སོགས་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་བྱས་ཡོད། ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་གི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་ལེན་བྱ་རྒྱུ་མ་ཟད། སྤྱིའི་རྩ་འཛིན་གྱི་ནང་དོན་ཁག་ཅིག་ལ་བཟོ་བཅོས་དང་སྦྲེལ་མཐུད་བྱས་ནས་ཏང་གི་སྒྲིག་ཡིག་གི་དོན་ཚན་ཁག་ཅིག་ལ་འོས་འཚམས་ཀྱིས་བཟོ་བཅོས་བྱ་རྒྱུ་ནི་དགོས་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱས་ཡོད།

       ཚོགས་ཆེན་ཐོག དུས་རབས་གསར་པར་སླེབས་རྗེས། ཏང་དང་རྒྱལ་ཁབ་ཀྱི་མདུན་དུ་འཕྲད་པའི་དུས་བབ་ཀྱི་རྙོག་འཛིང་རང་བཞིན་དང་འཐབ་རྩོད་ཀྱི་ཛ་དྲག་རང་བཞིན། བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་གསུམ་གྱི་ལས་འགན་གྱི་དཀའ་ཚེགས་རང་བཞིན་བཅས་ནི་འཛམ་གླིང་ཐོག་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པར་བརྟེན། ཏང་གིས་གཞི་ནས་ཏང་གི་ཡུན་རིང་སྲིད་འཛིན་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་ཀྱི་བདེ་སྐྱིད་བདེ་འཇགས་བཅས་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་ཐུབ་པ་དང་། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་ཚབས་ཆེ་བའི་མངོན་མེད་རྐྱེན་སེལ་ཐུབ་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ལྡོག་ཐབས་མེད་པའི་ལོ་རྒྱུས་འཕེལ་རིམ་ནང་སྐྱོད་རྒྱུར་རྩ་བའི་ཐོག་ནས་འགན་ལེན་བྱུང་ཡོད། གཏན་འཁེལ་གཉིས་ནི་ཏང་ལ་དུས་རབས་གསར་པར་ཐོབ་པའི་ཆབ་སྲིད་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱེད་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འགྲོ་བར་བྱེད་པའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན་པ། ཏང་ཡོངས་ཀྱིས་ངེས་པར་དུ་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། སྔར་བས་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་བྱ་དགོས་པ། སྔར་བས་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱ་དགོས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་དགོས་པ། བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་དགོས་པ་བཅས་ཀྱི་ངོས་འཛིན་བྱས་ཡོད།

       ཚོགས་ཆེན་གྱི་གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། འཐུས་མི་ཡོངས་ཀྱིས་ཐུན་མོང་འབད་བརྩོན་བྱས་པའི་འོག ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་ནས། བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་པོ། ཁ་ཕྱོགས་གསལ་པོ། བློ་སྟོབས་འཕེལ་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད། འདི་ནི་དར་ཆ་མཐོ་སྒྲེང་དང་། སྟོབས་ཤུགས་གཅིག་སྡུད། མཐུན་སྒྲིལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་རེད།

       ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་ཞིག་ཡིན་ཞིང་། རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་བྱ་གཙོ་བོ་བཏོན་པ། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེའི་འཕོ་འགྱུར་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པ། མར་ཁེ་སེ་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་གཏོད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་སོགས་གནད་དོན་གལ་ཆེན་རྒྱས་བཤད་བྱས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་གནས་ལྔ་གཞི་གཅིག་གི་སྤྱིའི་འཆར་འགོད་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཡོད། སྙན་ཞུ་འདི་ནི། ཏང་དང་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་བཅས་ཡིན། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་ལས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་དུ་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་ལག་ལེན་འཚོལ་ཞིབ་དང་ཕན་འབྲས་གལ་ཆེན་ལ་ཕྱོགས་བསྡོམས་བྱས་པ་དང་། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་ཀྱི་གསར་བརྗེར་ཁྲིད་སྟོན་བྱེད་པའི་དོན་སྙིང་གལ་ཆེན་གསལ་སྟོན་བྱས་ཡོད་པ། ཏང་གིས་ནམ་ཡང་ལམ་དུ་ཡོད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད།

       ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་མ་ཟིན་ལས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་མཚོན་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་འཛུགས་སྐྱོང་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཚོགས་ཆེན་ཐོག་བདམས་ཐོན་བྱུང་བའི་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནི། ས་ཁུལ་ཁག་དང་ཚན་པ་ཁག འཐབ་ཕྱོགས་ཁག ལས་རིགས་ཁག་བཅས་ཀྱི་ཏང་གི་སྲིད་སྐྱོང་རྐང་འཛིན་པ་དང་ཕུལ་བྱུང་གི་འཐུས་ཚབ་གཅིག་སྡུད་བྱས་པ་ཞིག་ཡིན་ཞིང་། བྱང་ཚད་མཐོ་བ་དང་། ཁྱབ་ཚུལ་དོ་སྙོམས་པ། གྲུབ་གཞི་ལུགས་དང་མཐུན་པ། ཏང་ཀྲུང་དབྱང་གི་བླང་བྱ་དང་ལས་བྱེད་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་གི་དོན་དངོས་དང་མཐུན་པ་བཅས་བྱུང་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིཊ་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་འཁུར་ཐུབ་ངེས་རེད། ཚོཊ་ཆེན་ཐོག་ད་དུང་སྐབས་གསར་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་ལ་ཕབ་པའི་ཐབས་ཇུས་དང་བཀོད་སྒྲིག་ཁག་དང་ཐོབ་པའི་གྲུབ་འབྲས་ཁག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱ་རྒྱུ་བཅས་ཀྱི་ཐད་མཛུབ་སྟོན་དང་འགན་སྲུང་གི་ནུས་པ་གལ་ཆེན་ཐོན་ངེས་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བསྟན་གནང་ཡོད།

       ཞི་ཅིན་ཕིང་གིས། ང་ཚོ་ནི་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཡིན་པའི་ངོས་ནས་འོས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཤིན་ཏུ་ལྕི་བས། ངེས་པར་དུ་ཏང་གི་ཐོག་མའི་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་དང་། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། ཏང་གི་རིགས་གཞུང་དང་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ། ཏང་ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། སྔར་བས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོང་བཅས་བྱས་ཐོག བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་ཡིད་ལ་བརྟན་པོར་ངེས་དགོས་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བ། མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། སྔ་བར་ཕྱི་གསུམ་དུ་མི་དམངས་དང་མཉམ་གནས་དང་བསམ་པ་གཅིག་མཐུན། ལས་ཀ་མཉམ་སྒྲུབ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་མི་དམངས་མང་ཚོགས་ཀྱི་རེ་འབོད་ལ་ལན་ཆ་ཧུར་ཐག་བྱེད་པ། འཐུས་མིའི་འགན་འཁྲི་ལག་བསྟར་ཡང་དག་བྱེད་པ། རང་རྟོགས་སྒོ་ནས་ཏང་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཞུ་བ། རྒྱལ་ཁབ་ཀྱི་དོན་ཆེན་ངེས་པར་དུ་ཡིད་ལ་བརྟན་པོར་ངེས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྣེ་ཁྲིད་ནས་སྲུང་སྐྱོང་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ལ་སྣེ་ཁྲིད་ནས་བརྩི་སྲུང་ཞུ་བ། ཏང་གཤིས་བློ་སྦྱོང་དང་བྱང་ཚད་ནུས་པ་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ཡོད་རྒུ་འདོན་དགོས་པ་དང་། ཏང་ཡོན་ཡོངས་ལ་མིག་དཔེ་འདོན་པ། རྒྱ་ཆེའི་ཏང་ཡོན་གྱི་ཡིད་ཆེས་ཆུད་ཟོས་སུ་མི་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

       ཞི་ཅིན་ཕིང་གིས། ཚོགས་ཆེན་རིང་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ཀྱིས་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་རྣམ་པ་སྣ་ཚོགས་ཐོག་ནས་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ། རྒྱལ་ཁབ་མང་པོའི་སྲིད་ཏང་དང་སྒྲིག་འཛུགས་ནས་ཁ་པར་དང་འཕྲིན་ཡིག་བརྒྱུད་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པར་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཁོང་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

       ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲང་ཏང་གིས་ལོ་བརྒྱའི་འབད་འཐབ་བརྒྱུད་མྱོང་བ་དང་། སླར་ཡང་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། ལོ་བརྒྱའི་རིང་། ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བཅས་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཏོད་ཡོད། ལོ་བརྒྱའི་གྲུབ་འབྲས་ནི་འོད་སྟོང་ལྡན་པ་དང་། ལོ་བརྒྱའི་ཏང་ཆེན་པོ་འདི་ཉིད་དར་ཞིང་རྒྱས་པའི་དུས་སུ་སླེབས་ཡོད། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་ངོ་མཚར་སྔར་བས་ལྷག་པ་གཏོད་ཐུབ་རྒྱུར་ང་ཚོར་སེམས་ཤུགས་དང་ནུས་པ་ལྡན་ཡོད། ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ལོ་རྒྱུས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་། རྒྱལ་ཁ་ལེན་ཕོད་པ། དཀའ་སྤྱད་འབད་བརྩོན་དང་། སྙིང་རུས་ཆེར་སྐྱེད་བཅས་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་ལ་འཁེལ་བའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་ཞེས་གསུངས་གནང་ཡོད།

       ཚོགས་ཆེན་ཐོག་འདེམས་བསྐོ་བྱས་རྗེས། འགན་བཞེས་བཞིན་པ་དང་བཞེས་མྱོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན་པའི་ཏང་ཕྱིའི་མི་སྣ། པེ་ཅིང་དུ་ཡོད་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུད་ཁྲོད་ཀྱི་དམངས་གཙོ་ཏང་ཤོག་དང་། ཏང་ཤོག་གང་ལའང་མི་གཏོགས་པ། མི་རིགས་ཆོས་ལུགས་ལས་རིགས་མི་སྣ་བཅས་སྐུ་མགྲོན་གྱི་ངོས་ནས་ཚོགས་འདུར་ཟུར་ཞུགས་གནང་ཡོད། ཏང་ནང་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཡང་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད། རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་དབྱངས་ཁྲོད་ཚོགས་ཆེན་གྲོལ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1