༄༅། །རི་བོ་རྩེ་ལྔའི་ཚབ་མཚོན་རང་བཞིན་གྱི་བཟོ་བཀོད་མཆོད་རྟེན་ཏེ་མཆོད་རྟེན་དཀར་པོ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས་དྲངས།། སྤེལ་དུས། 10-27


 

       རྒྱ་ནག་རི་བོ་རྩེ་ལྔ་ནི་ནང་པ་སངས་རྒྱས་པའི་གནས་རི་འགངས་ཆེན་བཞིའི་གྲས་ཀྱི་གཅིག་ཡིན་ཞིང་། ཧྲན་ཞི་ཞིང་ཆེན་གྱི་ཨུ་ཐའེ་རྫོང་(山西省五台县)གི་ཤར་བྱང་དུ་ཡོད་པ་དང༌།མིང་གཞན་ལ་རི་བོ་དྭངས་བསིལ་ཡང་ཟེར།ནང་བ་སངས་རྒྱས་པས་རི་བོ་འདི་ནི་འཇམ་པའི་དབྱངས་དངོས་སུ་བཞུགས་པའི་གནས་ཡིན་པར་འདོད།རི་འདིའི་མིང་ནི་རིའི་རྩ་བ་གཅིག་ལ་རྩེ་མོ་ལྔ་ཡོད་པའི་ཆ་ནས་དེ་ལྟར་ཐོགས་པ་ཡིན་ལ།དབུས་སུ་གསེར་གྱི་རི་བོ་སེང་གེ་འགྱིང་འདྲ། ཤར་དུ་ཤེལ་གྱི་རི་བོ་གླང་ཆེན་འགྱིང་འདྲ།ལྷོ་རུ་ཨ་ཀྲོའོ་རི་བོ་རྟ་མཆོག་ཉལ་འདྲ།ནུབ་ཏུ་པད་མ་རྭ་གའི་རི་བོ་རྨ་བྱ་གར་བྱེད་པ་འདྲ་བ།བྱང་དུ་ཨིནྡ་ནཱི་ལའི་རི་བོ་ཤང་ཤང་བསྣོལ་བ་འདྲ་བ་བཅས་ལྔར་གྲགས་ཤིང༌།རི་འདི་རྣམས་ཀྱི་རྩེ་མོ་དང་ལྟོངས།སུལ་དང་འདབས་བཅས་ན་གནའ་བོའི་དུས་སུ་དགེ་འདུན་གྱི་སྡེ་སུམ་བརྒྱ་དྲུག་ཅུ་ལྷག་ཡོད་ཅེས་གནས་འདིའི་དགེ་འདུན་པ་རྣམས་ཀྱིས་ངག་ལས་ཐོས་ཀྱང༌།ཧྲན་ཞི་ཞིང་ཆེན་རིག་རྫས་ཁང་གིས་དཔར་ནས་བཀྲམ་པའི་དེབ་ཆུང་ཞིག་ཏུ་བཅིངས་འགྲོལ་བྱས་མ་ཐག་རྩིས་གྲངས་བླངས་པའི་དགོན་སྡེའི་གྲངས་ཀ་ལས་རྒྱའི་བཙུན་པ་བཞུགས་པའི་དགོན་པ་དགུ་བཅུ་གོ་བདུན་དང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཉེར་གསུམ་ཡོད་ཅེས་བཀོད་འདུགད་ལྟ་ཡང་དགོན་པ་སུམ་ཅུ་སོ་དགུ་ལྷག་མཇལ་རྒྱུ་ཡོད་པ་ལས་བོད་སོག་གི་དགེ་འདུན་པ་བཞུགས་པའི་དགོན་པ་ཡང་ནུབ་ཕྱོགས་ཀུན་འདུས་གླིང་དང་ལྕང་སྐྱའི་སྒར་བ་སོགས་ལྔ་དྲུག་ཙམ་ཡོད། ལོ་རྒྱུས་ཀྱི་ཡིག་ཆར་བཀོད་པ་ལྟར་ན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་རྗེ་བླ་མའི་སྐུ་ཚབ་ཏུ་གོང་མའི་ཕོ་བྲང་དུ་ཕེབས་སྐབས་དྭངས་བསིལ་རི་བོ་ནས་དགོན་པ་དྲུག་བཏབ་ཅིང་རི་བོ་དགེ་ལྡན་པའི་བསྟན་པ་གནས་འདིར་ཐོག་མར་སྤེལ།གཞན་ཡང་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོས་གནས་འདིར་ཞབས་ཀྱིས་བཅགས་ཤིང་ཡུན་རིང་སྒྲུབ་པ་མཛད་པའི་སྒྲུབ་ཁང་དང་གཟིམ་ཁང་སོགས་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1