རྒྱང་རིང་གི་རི་རྩེའི་མཚམས་སྤྲིན་གྱི་འོད་མདངས་ནི་རི་ངོས་སུ་བཙེམས་པ་དང་མཚུངས་ཤིང་། སྤྲིན་དཀར་ལང་ལོང་གཡོ་བའི་འོག་ཁ་བས་བཏུམས་པའི་གངས་རི་ཀྲོང་ངེར་འགྱིང་ཡོད། སྟོན་དུས་ཀྱི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ནས་ནག་ལ་ལོ་ལེགས་བྱུང་ཞིང་། ཉི་འོད་འོག་མུ་མཐའ་མེད་པའི་ཞིང་ནང་གང་སར་ནས་ནག་གི་སྙེ་མ་ལྡེམ་ལྡེམ་དུ་གཡོ་བཞིན་ཡོད། བརྔ་བསྡུ་འཕྲུལ་ཆས་ཀྱིས་ནས་ནག་བརྔ་བསྡུ་བྱེད་ཚུལ་ལ་ལྟ་བཞིན་ཕོ་ལོ་30ལ་སླེབས་པའི་ལྷ་གདོང་ཚེ་བསོད་ནམས་ཀྱི་བཞིན་ལས་འཛུམ་མདངས་རྒྱས་ཤིང་སེམས་ལ་རེ་བས་ཁེངས།
ལྷ་གདོང་ཚེ་བསོད་ནམས་ནི་ནང་ཆེན་རྫོང་ནས་ཡིན་པ་དང་། སྤྱི་ལོ་2016ལོར་མཚོ་སྔོན་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་རྗེས། ཕ་ཡུལ་དུ་ལོག་ནས་རང་བརྟེན་ལས་གཏོད་ཀྱིས་ནས་ནག་འདེབས་པའི་ལམ་ལ་ཆས། རྟོག་ཞིབ་དང་སློབ་སྦྱོང་བྱེད་སྐབས། ལྷ་གདོང་ཚེ་བསོད་ནམས་ཀྱིས་ནས་དཀར་པོ་དང་བསྡུར་ཚེ། ནས་ནག་ལ་ཚད་ཉུང་མ་རྒྱུ་དང་བཟའ་བཅའི་ཚི་སྣ་མང་པོ་ཡོད་པ།འཚོ་བཅུད་ཀྱི་རིན་ཐང་མཐོ་བ།འཕྲོད་སྦྱོར་གྱི་ནུས་པ་སྣ་ཚོགས་ལྡན་པ་བཅས་ཤེས་རྟོགས་བྱུང་ཡོད། འོན་ཀྱང་དུས་ཡུན་རིང་པོའི་ནང་ནང་ཆེན་གྱི་ས་གནས་དེ་གའི་ནས་ནག་འདེབས་འཛུགས་ཐོན་ལས་ཅན་དུ་འགྱུར་ཚད་ཅུང་དམའ་བ་དང་ཞིང་པའི་འདེབས་འཛུགས་ཀྱི་འདུན་པ་ཆེན་པོ་མེད།
གནས་ཚུལ་ཤེས་རྟོགས་བྱུང་རྗེས། ལྷ་གདོང་ཚེ་བསོད་ནམས་ཀྱིས་ཐབས་ཤེས་ཡོད་རྒུ་བཏོན་ནས་བསགས་དངུལ་ཚང་མ་ནས་ནག་འདེབས་འཛུགས་ཐད་བཏང་བ་རེད། སྤྱི་ལོ་2017ལོར། ལྷ་གདོང་ཚེ་བསོད་ནམས་ཀྱིས་གཞི་ཁྱོན་ཆུང་ངུའི་ནས་ནག་ཚོད་འདེབས་བྱས་པ་དང་།ཞིང་ལས་རིགས་གཅིག་མཁས་ཅན་གྱི་རོགས་རམ་ལ་བརྟེན་ནས་ཚོད་འདེབས་བྱས་པར་ལོ་ལེགས་བྱུང་བས། ལྷ་གདོང་ཚེ་བསོད་ནམས་ཀྱིས་འདེབས་ཁྱོན་ཆེ་རུ་བཏང་ཡོད། འོན་ཀྱང་ཐོག་མར་ཁོང་ལ་དཀའ་གནད་མི་ཉུང་བ་ཞིག་འཕྲད་ཡོད་པ་སྟེ། ཞིང་པ་ཁག་གཅིག་གིས་ནས་ནག་འདེབས་མི་ཤེས་པ་དང་། ཞིང་པ་འགའ་རེས་རང་མཁོ་རང་སྤྲོད་ཐུབ་པ་ཙམ་ལས་ནས་ནག་མང་པོ་འདེབས་སྲོལ་མེད་པར་བརྟེན། ནས་ནག་ཚོད་འདེབས་བྱེད་འདོད་མཁན་གཅིག་ཀྱང་མེད་པ་རེད།
དེའི་རྐྱེན་གྱིས་ལྷ་གདོང་ཚེ་བསོད་ནམས་ཀྱིས་གང་སར་འབྲེལ་མཐུད་བྱས་ནས། ཞིང་པའི་ཁྱིམ་དུ་བསྐྱོད་དེ་གྲོས་མོལ་བྱས་ནས་ཁོང་ཚོར་ནས་ནག་གི་ས་བོན་རིན་མེད་ངང་སྤྲད་ནས་ཚོད་འདེབས་བྱེད་དུ་བཅུག་པ་མ་ཟད། ནས་ནག་བརྔ་བསྡུ་བྱས་རྗེས་ཀུང་སིས་གཅིག་གྱུར་ཐོག་ཉོ་སྒྲུབ་བྱ་རྒྱུའི་ཁས་བླངས།
ལྷ་གདོང་ཚེ་བསོད་ནམས་ཀྱིས་ནས་ནག་འདེབས་རྒྱུའི་ལས་ལ་གཞོལ་བ་ཙམ་གྱིས་མ་ཚད། ནས་ནག་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱ་རྒྱུའི་ཐད་ཁོང་ལ་ཡང་རང་ཉིད་ཀྱི་བསམ་ཚུལ་ཡོད་པ་རེད། ཁོང་གིས་དང་ཐོག་ས་གནས་དེ་གའི་མིས་དགའ་པོ་བྱེད་པའི་རྩམ་པ་ནས་འགོ་བཙུགས་ཏེ། བྲོ་བ་ཞིམ་ལ་འཚོ་བཅུད་ཕུན་སུམ་ཚོགས་པའི་ནས་ནག་གི་རྩམ་པ་ཐོན་སྐྱེད་བྱས་པར་བརྟེན་ནས་རིམ་བཞིན་ཚོང་ལམ་ཕྱེ་ཡོད། དེ་རྗེས་ལྷ་གདོང་ཚེ་བསོད་ནམས་ཀྱིས་ནས་ཆང་བཟོ་གྲྭ་དང་འབྲེལ་བ་བྱས་ཏེ་ནས་ནག་ཨ་རག་མཉམ་ལས་བྱས་པ་མ་ཟད། ནས་ནག་གྲོ་ཆག་སོགས་ཀྱང་ཁྱབ་གདལ་བཏང་བས་ཐོན་རྫས་ཀྱི་སྣེ་རིགས་རིམ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ནས་ནག་གི་ཐོན་རྫས་པེ་ཅིང་དང་།ཧྲང་ཧའེ།ཅང་སུའུ་བཅས་སུ་བྲིན་ཚོང་བྱེད་ཀྱི་ཡོད་ཅིང་། ན་ནིང་ནས་ནག་ཐོན་རྫས་བྲིན་ཚོང་བྱེད་པའི་ཡོང་འབབ་སྒོར་ཁྲི་100ལས་བརྒལ་བ་དང་དེའི་ཁྲོད་ནས་འདེབས་འཛུགས་དུད་ཚང་ལ་ཁེ་སྤོགས་སྒོར་ཁྲི་30ལྷག་ཙམ་བགོས་ཡོད།
ལྷ་གདོང་ཚེ་བསོད་ནམས་ཀྱིས་ད་དུང་ཚང་མའི་སྣེ་ཁྲིད་དེ་ནང་ཆེན་གྱི་ཀུན་གཏོད་བར་མཐོངས་དང་ནང་ཆེན་གྱི་གཞོན་ནུའི་ལས་གཏོད་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས། ཡུལ་འདི་གའི་ཕ་ཡུལ་དུ་ལོག་ནས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་བྱ་གཞག་གསར་གཏོད་ཀྱི་ལས་ལ་གཞོལ་འདོད་པའི་སློབ་ཆེན་སློབ་མ་མི་ཉུང་བ་ཞིག་ལ་རོགས་རམ་བྱས་ཡོད།