ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་ཁག་ཏུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-04



         འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཁག་སོ་སོར་ཀོང་ཏུང་དང་། ཧྲན་ཤིས། ཧྲན་ཏུང་སོགས་ས་ཆར་སྒྲོག་འགྲེལ་བྱས་པ་མ་ཟད། གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་ལས་བྱེད་མང་ཚོགས་དང་སྤེལ་རེས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

        ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་གིས་སྤྱི་ཚེས་2ཉིན་ཀོང་ཀྲོའུ་རུ་སྙན་ཞུ་སྒྲོག་འགྲེལ་གནང་བ་རེད། ཧོང་ཁུན་མིང་གི་སྙན་ཞུའི་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་རྒྱས་གླེང་གཏིང་ཟབ་བྱས་ཡོད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གནས་ཚད་གསར་པ་བཏོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན། དཔའ་ངར་ཞུམ་མེད་ཀྱིས་ཉེན་ཁ་དང་འགྲན་རྩོད་སོགས་ལ་ཁ་གཏད་གཅོག་པ་བཅས་ཀྱི་ཐད་གསལ་འགྲེལ་གཏིང་ཟབ་གནང་ཡོད།

        ཉེ་དུས་ཧོང་ཁུན་མིང་ནས་ད་དུང་ཀོང་ཏུང་ནན་ཧྲ་གྲུ་ཁ་སོགས་སུ་ཕེབས་ཏེ་ཐོན་སྐྱེད་ཀྱི་འཐབ་ས་དང་པོའི་མི་སྣར་ལས་ཡུལ་དངོས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་ཚང་མ་དང་ཕན་ཚུན་སྤེལ་རེས་གནང་ཡོད་པ་རེད།

         ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་གཞུང་ལས་ཐིང་གི་རྒྱུན་ལྡན་ལས་ཀར་དོ་དམ་གནང་མཁན་གྱི་ཀྲུའུ་རེན་གཞོན་པ་མེང་ཞང་ཧྥེང་གིས་སྤྱི་ཚེས་2ཉིན་ཧྲན་ཤིས་ཐའེ་ཡོན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཡོད། མེང་ཞང་ཧྥེང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་གཙོ་བོ་དང་གྲུབ་འབྲས་གཙོ་བོ། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་སོགས་ཀྱི་ཐད་གོ་བ་གང་ལེགས་བླངས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐད་གསལ་འགྲེལ་གཏིང་ཟབ་གནང་ཡོད།

        ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་རྒྱུན་གཏན་ལས་ཀར་དོ་དམ་གནང་མཁན་གྱི་ཀྲུའུ་རེན་གཞོན་པ་ཧན་ཝུན་ཤིའུ་ཡིས་སྤྱི་ཚེས་2ཉིན་ཧྲན་ཏུང་ཅི་ནན་དུ་ཕེབས་ནས་སྒྲོག་འགྲེལ་སྙན་ཞུ་གནང་ཡོད། ཧན་ཝུན་ཤིའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་གྲུབ་འབྲས་གཙོ་བོ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་སོགས་ཀྱི་ཐད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐད་སྒྲོག་འགྲེལ་དང་གསལ་འགྲེལ་གཏིང་ཟབ་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1