༄༅།།སྟོང་ཉིད་མགར་བཟའ་ཆོས་སྒྲོན་གྱིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 11-07


 གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་རེད། །

   གླུ་མཁྱེན་གཅིག་མཁྱེན་གཉིས་ཐུགས་རྗེ་ཅན། །

   དོན་ཆོས་འབྱུང་དཀར་པོས་ལམ་སྣ་དྲོངས། །

   ཆོས་མཁྱེན་ཤཱཀྱ་ཐུབ་པ་མཁྱེན། །

   བོན་མཁྱེན་སྟོན་པ་གཤེན་རབས་མཁྱེན། །

   ས་འདི་ཡི་ས་ངོ་མ་ཤེས་ན། །

   ཧོར་ཨ་ཆེན་ངོམ་ཐང་སྐྱ་མོ་རེད། །

   མི་ང་འདྲ་ང་ངོ་མ་ཤེས་ན། །

   ང་སྟོང་ཉིད་མགར་བཟའ་ཆོས་སྒྲོན་ཡིན། །

   བན་དབུ་སེ་ཆོས་ཀྱི་བུམ་པ་ལགས། །

   ཆུ་མིག་འདི་དཀར་མི་འབུམ་ཆུང་རེད། །

   ཆུ་ཆེན་འདི་ཁམ་པ་གཞུང་དྲུག་རེད། །

   བན་དབུ་སེ་མ་ཉལ་ཡར་ལ་བཞེངས། །

   མར་ཉལ་བའི་བུ་ལ་ཡོན་ཏན་མེད། །

   བན་ཆོས་པ་ཉལ་ན་ཆོས་མགོ་འཆོར། །

   བན་རྒན་པོ་ཉལ་ན་དེ་བས་ཐུ། །

   སྟག་ཤར་བ་ཉལ་ན་དགྲ་མགོ་འཆོར། །

   མི་ཁེར་སྐྱེས་ཉལ་ན་བས་ཐུ། །

   སྨན་བུ་མོ་ཉལ་ན་གནས་མགོ་འཆོར། །

   སྨན་ཕ་བཟང་ཡིན་ན་དེ་བས་ཐུ། །

   དེ་ཟེར་ལར་གནའ་མིའི་གཏམ་དཔེ་རེད། །

   ཁྱེད་མ་ཉལ་བཞེངས་དང་བན་རྒན་ལགས། །

   མ་སྨན་ལ་རབ་འབྲིང་ཐ་གསུམ་ཡོད། །

   སྨན་རབ་ལ་མི་ཐེ་མགར་བཟའ་ཡིན། །

   ང་ཐ་མ་མ་ཡིན་ཆོས་པ་ཡིན། །

   འབྲིང་ཤབ་ཤོ་རྫུན་མེད་ཁ་ཉུང་ཡིན། །

   མི་ང་རང་གཉའ་ནས་མི་སྐོར་ལགས། །

   མགོ་ཡར་སྐོར་དམ་པའི་ཆོས་ལ་འགོམ། །

   ཆོས་སངས་རྒྱས་བུ་མོའི་ཕ་དང་འདྲ། །

   སྨད་རྐང་པའི་མདོ་ནས་མི་སྐོར་ལགས། །

   རྐང་མར་སྐྱེས་སྐྱོབ་པའི་ལྷ་ལ་འགོམ། །

   ཕ་བླ་མ་བུ་མོའི་མ་དང་འདྲ། །

   རྐེད་རྡོ་རྗེ་བཞིན་དེ་མི་གཏུབ་ལགས། །

   རྐེད་ཕྲ་ཕྲ་མ་དང་མཁའ་འགྲོ་འགོམ། །

   མ་མཁའ་འགྲོ་བུ་མོའི་སྐྱོ་རོགས་ཡིན། །

   བན་ཆོས་པའི་སྟེང་ནས་མི་འགྲོ་ལགས། །

   ཤི་དམྱལ་བའི་ལམ་ལ་ཉན་པ་མིན། །

   དེ་མི་དགོས་གྲིབ་མ་མི་གཏུབ་ལགས། །

   ལམ་བཟུར་ཙམ་མཛོད་དང་བན་རྒན་ལགས། །

   ཁྱེད་ད་ནངས་བྱོན་བྱོན་གང་ནས་བྱོན། །

   ཆོས་ཟབ་མོ་སུ་ལ་གསུང་ཤོམས་ཡོད། །

   ཁྱེད་དོ་ནུབ་འབྱོན་འབྱོན་གང་དུ་འབྱོན། །

   ཆོས་ཟབ་མི་གང་ནས་སྒོམ་འདོད་ཡོད། །

   ངེད་སེར་པོ་ཧོར་གྱི་ས་ཆ་ན། །

   ཆོས་མི་ཤེས་སྡིག་པའི་རང་མཁར་བརྩིགས། །

   སྒོམ་མི་ཤེས་གཏི་མུག་གུར་ལ་ཕབ། །

   མཆོད་མི་ཤེས་འདོད་ཆགས་ཧུབ་ཀྱིས་འདྲེན། །

   ཆོས་སངས་རྒྱས་ཡེ་ནས་མོ་ཤེས་ན། །

   ཁྱེད་བན་རྒན་ཆོས་འདོན་སུ་ལ་བྱེད། །

   ས་འདི་ལ་ཕེབས་ལེ་མ་ལོ་ཐལ། །

   ཡུལ་འདི་ལ་འབྱོན་ལེ་མ་ལོ་ཐལ། །

   ངེད་སེར་པོ་ཧོར་ལ་ཐན་མང་བསྟན། །

   བབས་མ་མྱོང་སེར་དྲག་དགུན་དཔྱིད་བབས། །

   ཁྱེད་རི་བོའི་རྩེ་ནས་ཡོང་དུས་སུ། །

   དམག་སྟོང་ཚོ་གཅིག་གིས་བསྐོར་ནས་བྱུང་། །

   ཁྱེད་ལ་རྐེད་དེ་ནས་ཡོང་དུས་སུ། །

   དམག་འབུམ་ཕྲག་གཅིག་གི་བསྐོར་ནས་བྱུང་། །

   ཁྱེད་ལ་རྟིང་དེ་ནས་ཡོང་དུས་སུ། །

   དམག་བརྒྱ་ཚོ་གཅིག་གིས་བསྐོར་ནས་བྱུང་། །

   གཙང་ཆུ་མིག་ཟུར་ལ་ཐོན་ཙམ་ན། །

   ཁྱེད་བན་རྒན་ཤིག་གི་གྲོག་ཚང་རེད། །

   ཁྱེད་བན་རྒན་མ་རེད་གྱོད་རྒན་རེད། །

   ཧོར་སེར་པོ་ཐལ་བར་རློག་མཁན་རེད། །

   ཁྱེད་མགོ་ལ་ཨ་རྨོག་རྗེས་ཤིག་འདུག །

   རྐེད་ཁྲབ་ཆེན་གྱོན་པའི་རྗེས་ཤིག་འདུག །

   སྒྱིད་རྟ་ཕོ་ཞོན་པའི་རྗེས་ཤིག་འདུག །

   ཁྱེད་ཆོས་གོས་གླེགས་བུ་དགུ་བརྩེགས་དེ། །

   ས་ཧོར་ཡུལ་སྟོད་ན་སྐུ་ཐང་ཆེ། །

   སྟོད་སྐུ་གཟན་དམར་པོ་ལྷབ་ལྷུབ་དེ། །

   ཧོར་ཨ་ཆེན་ཐང་ལ་ཡི་རེ་མུག །

   སྨད་སྐུ་ཤམ་དམར་སྨུག་འཇོལ་འཇོལ་དེ། །

   ཧོར་ངོམ་ཐང་རྒྱུད་ལ་ཡི་རེ་སྐྱོ། །

   ཆོས་མི་དར་ས་ཆ་ཧོར་ཡུལ་ན། །

   ངེད་མགར་བ་ཕ་བུ་བསོད་ནམས་ཆེ། །

   ཕ་བླ་མ་དགུང་གི་ཉི་ཟླ་དེ། །

   ས་འདི་ལ་ཤར་ན་དགའ་བ་ལ། །

   ཆོས་སངས་རྒྱས་དར་གྱི་མདུད་པ་དེ། །

   ཕོག་ཟེར་ན་བུ་མོའི་སྐྱིད་ལུགས་ལ། །

   ཁྱེད་བན་རྒན་ཆོས་ལ་སྦྱངས་སྦྱངས་ནས། །

   དབུ་དཀར་ལེ་ཆོས་དཀར་ཡིན་པས་ན། །

   ངས་གཏམ་ཚད་ཆོས་ལ་འགྱུར་བར་ཤོག །

   ཁྱེད་བན་རྒན་རྒྱལ་ཁམས་བསྐོར་བསྐོར་ནས། །

   གོས་འཐོར་འཐོར་ཆོས་འཐོར་ཡིན་པས་ན། །

   ངས་གཏམ་ཚད་སྒོམ་ལ་འགྱུར་བར་ཤོག །

   ཁྱེད་བན་རྒན་ས་མཐའ་འགྲིམས་འགྲིམས་ནས། །

   ལྷམ་ཟད་ཟད་ཆོས་ཟད་ཡིན་པས་ན། །

   ང་སོང་སོང་བསྐོར་བར་འགྱུར་བར་ཤོག །

   ཁྱེད་བན་རྒན་མ་གཉིད་ཡར་ལ་བཞེངས། །

   དེ་ཨེ་གསན་བན་རྒན་ཚེ་རིང་ལགས། །

   དབུ་ཞྭ་སེར་ནང་ན་དབུ་ལོ་དཀར། །

   ལུས་ཆོས་གོས་ནང་ནས་སྐུ་ལུས་རྒས། །

   སེམས་སྟོད་ཉིད་ངང་ལ་སྒྱུ་སེམས་དམ། །

   ཕྱག་ཕྲེང་བའི་མཉམ་དུ་ལྷུ་བཞི་རྒས། །

   སྤྱན་ཡི་གེའི་ཤོག་བུར་གཟིགས་ནས་འགྲིབ། །

   སྙན་དམ་ཆོས་ཆོས་སྒྲ་གསན་ནས་འོན། །

   སྒོམ་ཡིད་ལ་བཞག་ནས་གཞི་རྩ་ལྷོད། །

   ཕོ་དེ་འདྲ་ཡིན་ན་དགའ་བ་ལ། །

   ང་སྐྱེ་བ་འདི་ཡི་རྗེས་སོ་ལ། །

   བན་ཆོས་པ་ཁྱོད་འདྲར་སྐྱེ་བར་ཤོག །

   གླུ་འཁྲུལ་བར་སོང་ན་མཐོལ་ལོ་བཤགས། །

   ངག་འཆལ་བར་སོང་ན་བཟོད་པར་གསོལ། །

   ཞེས་སྨྲས་པ་དང་། བན་རྒན་གྱིས་གླུ་འདི་ལྟར་བླངས་སོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་རེད། །

   ང་ཚེ་ལོ་དགུ་བཅུ་གོ་དགུ་ཡིན། །

   དབུས་ཇོ་བོའི་གསར་ཞལ་མཇལ་དུ་འགྲོ། །

   ངས་ལམ་ཁ་ཧོར་ལ་བརྒྱུད་ནས་འོངས། །

   ང་རི་བོའི་རྩེ་ནས་ཡོང་དུས་ཀྱི། །

   དམག་སྟོང་ཚོ་གཅིག་གིས་བསྐོར་བ་དེ། །

   དཔའ་དམག་བསྐོར་མ་ཡིན་བྱ་བསྐོར་ཡིན། །

   བྱ་འདབ་ཆགས་སྟོང་གིས་བསྐོར་བ་ཡིན། །

   ང་ལ་རྐེད་དེ་ལ་སླེབས་དུས་ཀྱི། །

   དམག་འབུམ་ཕྲག་གཅིག་གིས་བསྐོར་བ་དེ། །

   དཔའ་དམག་བསྐོར་མ་ཡིན་ཤིག་བསྐོར་རེད། །

   ང་སྦྲང་རྒན་ཤིག་གིས་བསྐོར་བ་རེད། །

   ང་ལ་གཤམ་དེ་ལ་སླེབས་དུས་ཀྱི། །

   དམག་བརྒྱ་ཚོ་གཅིག་གིས་བསྐོར་བ་དེ། །

   དཔའ་དམག་བསྐོར་མའི་ཡིན་ཁྱིས་བསྐོར་རེད། །

   ཁྱི་བདའ་ལི་མང་པོས་བསྐོར་བ་རེད། །

   ངའི་མགོ་ན་རྨོག་རྗེས་ག་ན་ཡོད། །

   ཞྭ་རུལ་ཆད་འདི་ཡི་རྗེས་ཤུལ་ཡིན། །

   རྐེད་ཁྲབ་ཆེན་རྗེས་ཤིག་ག་ན་ཡོད། །

   སྡིག་སློག་ཧྲུལ་འདི་ཡི་རྗེས་ཤུལ་ཡིན། །

   སྐྱིད་རྟ་ཞོན་རྗེས་ཤིག་ག་ན་ཡོད། །

   བསེར་སྒྱིད་པར་བརྒྱབ་པའི་རྗེས་ཤུལ་་ཡིན། །

   ང་སྤྲང་རྒན་རྒྱལ་ཁམས་བསྐོར་བ་ལ། །

   ཁྱེད་གྱོད་རྒན་ཟེར་བ་ཡིད་རེ་ཆད། །

   མཐོང་མ་མྱོང་སེར་ཐན་འདི་འདྲ་བབས། །

   ངས་མགོ་རྐེད་རྐང་བ་གསུམ་པོ་བཅག །

   ལང་བསམས་ན་མགོ་བོས་མི་ཐེག་གོ །

   བཟུར་བསམས་ན་རྐེད་པས་མི་འཁྱོག་གི །

   འགྲོ་བསམས་ན་རྐང་བས་མི་ཚུགས་སོ། །

   ཁྱོད་བྲེལ་བྲེལ་འདྲ་ན་འགོམས་ལ་སོང་། །

   སྔར་བུ་མོ་དེ་ཚོ་འགོམས་ནས་ཐལ། །

   ཁྱོད་དལ་དལ་འདྲ་ན་སྐོར་ལ་སོང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1