རྒྱལ་ཁབ་འདིས་ཨུ་རུ་སུའི་མཐའ་མཚམས་སུ་གྱང་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-07



 

     ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་2ཉིན། ཕོ་ལན་གྱི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་པུའུ་ཝ་ཧྲི་ཆ་ཁེ་ཡིས། ཕོ་ལན་དང་ཨུ་རུ་སུའི་རྒྱལ་མཚམས་ས་ཁུལ་དུ་གནས་སྐབས་ཀྱི་མཐའ་མཚམས་གྱང་ཞིག་བསྐྲུན་རྒྱུ་ཡིན་པ་དང་། ལས་གྲྭ་དེ་ཉིན་དེ་ནས་སྐྲུན་འགོ་རྩོམ་རྒྱུ་ཡིན་ཞེས་བཤད། ཕོ་ལན་དང་ཨུ་རུ་སུའི་ཧྥེ་ཏི་ཅ་ལི་ཉིང་ཀེ་ལེ་དབར་ས་འབྲེལ་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ལམ་ཐིག་གི་རིང་ཚད་སྤྱི་ལེ་210ཙམ་ཟིན་གྱི་ཡོད། 

     ཕོ་ལན་དང་ཨུ་རུ་སུའི་མཐའ་མཚམས་དབར་གྱི་གྱང་དེ་ནི་ལྕགས་སྐུད་དྲ་བ་གསུམ་ལས་གྲུབ་སྟེ། མཐོ་ཚད་ལ་སྨི་2.5དང་ཞེང་ཚད་ལ་སྨི་3ཡོད། ཕོ་ལན་གྱི་གཞོགས་གཅིག་ཏུ་ལྕགས་ར་བཙུགས་ནས་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུ་མ་ཟད། ད་དུང་གློག་རྡུལ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱ་རྒྱུ་རེད།

     པུའུ་ཝ་ཧྲེ་ཆ་ཁེ་ཡིས། ཅ་ལི་ཉིང་ཀེ་ལེ་གནམ་ཐང་དུ་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་ནས་ཡོང་བའི་དུས་གཏན་གནམ་གྲུ་བབས་འདུག་ཅེས་གནས་འཕྲིན་སྤེལ་བ་མཐོང་ཡོད་པས། དེར་བརྟེན་ཕོ་ལན་གྱིས“མཐའ་མཚམས་བཀག་སྡོམ”བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། དེའི་ནུས་པ་ནི་ཕོ་ལན་དང་བྷེ་ཨུ་རུ་སུའི་མཐའ་མཚམས་གྱང་དང་འདྲ་པོ་ཡོད་ཅེས་བཤད་པ་རེད།

     ན་ནིང་ཕོ་ལན་དང་བྷེ་ཨུ་རུ་སུའི་མཐའ་མཚམས་སུ་གཞི་ཁྱོན་ཆེ་བའི་ཁྲིམས་འགལ་གྱི་རྒྱལ་མཚམས་ལས་བརྒལ་བའི་དོན་རྐྱེན་ཐོན་ནས། དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་སྐྱབས་བཅོལ་བ་འབོར་ཆེན་ཞིག་གིས་ཕོ་ལན་གྱི་མཐའ་མཚམས་བརྒྱུད་ཡོ་རོབ་མནའ་འབྲེལ་ནང་ཞུགས་རྩིས་བྱེད་ཀྱི་ཡོད། ཕོ་ལན་སྲིད་གཞུང་གིས་བྷེ་ཨུ་རུ་སུས་རྐང་བཙུགས་ནས་སྐྱབས་བཅོལ་བ་སྒྲིག་འཛུགས་བྱས་ཏེ་ཁྲིམས་འགལ་ངང་རྒྱལ་མཚམས་ནས་འཛུལ་ཏེ་ཉེན་ཁ་བཟོ་བ་དང་། ཡོ་རོབ་མནའ་འབྲེལ་གྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། ཡོ་རོབ་མནའ་འབྲེལ་གྱིས་མེན་སི་ཁེ་ལ་བཀག་སྡོམ་བྱས་པར་འཁོན་ལན་སློག་གི་ཡོད། དེར་བརྟེན་ཕོ་ལན་གྱིས་2021ལོའི་ཟླ་8པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་མཐའ་མཚམས་སུ་གྱང་སྐྲུན་འགོ་ཚུགས་པ་དང་། ལས་གྲྭའི་སྤྱིའི་རིང་ཚད་སྤྱི་ལེ་186ཙམ་ཟིན་ལ། ཙི་ལུའོ་ཐི་དུང་ཕྱུར་16(མི་དམངས་ཤོག་སྒོར་ལ་ཕབ་ན་ཧ་ལམ་དུང་ཕྱུར་24.5ཙམ་ཟིན་པ)བཏང་ཡོད། མིག་སྔར་ལས་གྲྭ་དེ་ལེགས་གྲུབ་བྱུང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1