“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔར”གཅེས་སྤྲས་ལྡབ་བརྒྱ་དང་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-08


“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔར”གཅེས་སྤྲས་ལྡབ་བརྒྱ་དང་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། 

—— ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ། 


འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས། 


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། ཏང་ཡོངས་ཀྱིས་ངེས་པར་དུ“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”ཡིད་ལ་བརྟན་པོར་ངེས་དགོས་ཞེས་གསུངས་ཤིང་། ཁོང་གིས“འདི་ནི་ང་ཚོས་དུས་ཡུན་རིང་པོའི་ལག་ལེན་ཁྲོད་ཐོབ་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཡིན་པས། ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་དང་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། སྙིང་རུས་གཏན་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་ཆེན་པོ་བརྗིད་ཉམས་ཆེན་པོས་རླུང་བརྟེན་རླབས་གཤག་དང་བརྟན་བགྲོད་རྒྱང་འཁྱོལ་ལ་སྣེ་ཁྲིད་དང་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

        དུས་རབས་གསར་པར་སླེབས་ཚུན་གྱི་ལོ་བཅུའི་རིང་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་གཏོང་རིང་སྤྱིར་བཏང་གཏན་ནས་མིན་པའི་དུས་མཚམས་ཤིག་ཡིན། ཏང་གི་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཡོང་བར་ཤུགས་རྐྱེན་ཐེབས་པའི་འགལ་བ་དང་གནད་དོན་མངོན་གསལ་ཅན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཕྱིར་བཤོལ་གཏན་ནས་མི་རྒྱག་པར་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་མང་པོ་བྱས་པ་དང་། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས་ཏེ། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་པར་སྐུལ་འདེད་བཏང་ཡོད།

        ལོ་བཅུའི་རིང་འབད་འབུངས་ཡར་བརྩོན་གྱིས་ང་ཚོས་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་ཡིན་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འགན་ལེན། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་རྒྱུ་འགན་ལེན་བཅས་བྱས་པས། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་སྒྲིག་འཛུགས་ཀྱི་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་དོད་དུ་ཕྱིན་པ་དང་། དུས་རབས་ཉེར་གཅིག་པའི་ཀྲུང་གོར་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ལ་དབྱར་མཚོ་རྒྱས་པ་བཞིན་གྱི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བ། འཛམ་གླིང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཡོད། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ལག་ལེན་དངོས་ལས་གསལ་བཤད་གང་ལེགས་བྱས་ཡོད།

        ལོ་བཅུའི་རིང་འབད་འབུངས་ཡར་བརྩོན་གྱིས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་ཤེས་དཔལ་བཅས་མཐུན་སྦྱོར་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་བ་དང་། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་སྟེ། མིའི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་ཡོང་བར་གདམ་ག་གསར་པ་མཁོ་འདོན་བྱས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་གསལ་བཤད་གང་ལེགས་བྱས་ཡོད།

        ལོ་བཅུའི་རིང་གི་འབད་འབུངས་ཡར་བརྩོན་གྱིས་ང་ཚོས་དཔལ་འབྱོར་བརྟན་པོ་དང་འཕེལ་རྒྱས་ལ་སྐུལ་འདེད་དང་། དབུལ་ཕོངས་ལས་རྣམ་པར་རྒྱལ་བ་དང་འབྱོར་འབྲིང་བསྐྲུན་པ། རིམས་ནད་ཚོད་འཛིན་དང་གནོད་འཚེ་ཚབས་ཆེན་འགོག་རྒོལ། འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཉེན་ཁ་སེལ་བ་བཅས་བྱས་ཏེ། ལྟ་དུས་འགག་སྒྲོལ་དཀའ་བའི་འགག་གནད་རེ་རེ་བཞིན་སེལ་བ་དང་། མི་རྣམས་ཧང་སངས་དགོས་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་རེ་རེ་བཞིན་བཏོད་པས། ཀྲུང་གོའི་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་དེ་བས་ཆེ་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་དེ་བས་ཆེ་བ། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་དེ་བས་བརྟན་པ་བཅས་བྱུང་ནས། ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་གྱི་སྙིང་སྟོབས་དེ་བས་ཆེ་རུ་ཕྱིན་ཡོད། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱེད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་གསལ་བཤད་གང་ལེགས་བྱས་ཡོད།

        ལོ་བཅུའི་རིང་གི་འབད་འབུངས་ཡར་བརྩོན་གྱིས་ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་པ་མ་ཟད་ལག་བསྟར་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལག་བསྟར་བྱས་པ། ཁྱོན་ཡོངས་རང་བཞིན་གྱི་དོན་སྙིང་ལྡན་པའི་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པས། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་ཅན་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་བརྩམས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་ལ་དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་དང་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་རྒྱུ་ནི་དུས་རབས་གསར་པའི་ནང་རང་རྒྱལ་འདི་ཉིད་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་གང་ལེགས་མངོན་གྱི་ཡོད།

        ལོ་བཅུའི་རིང་གི་འབད་འབུངས་ཡར་བརྩོན་གྱིས་ང་ཚོས་དཀའ་སྤྱད་ཞུན་བརྡར་གྱི་ངེས་ཤུགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བ་དང་། “མི་བརྒྱ་སྟོང་ལ་ཕོག་ཐུག་གཏོང་དགོས་བྱུང་ཡང་། མི་དུང་ཕྱུར་བཅུ་བཞིའི་རེ་བ་ཆུད་ཟོས་སུ་མི་གཏོང་བའི”འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྔར་བས་སྐུལ་འདེད་བཏང་སྟེ། རང་ངོས་གསར་བརྗེའི“སྣ་འདུས་ཐབས་བཟང”སྤྱད་པ་དང་། ཏང་གིས་རང་ངོས་གསར་བརྗེ་བྱས་ནས་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་འཁོར་རྒྱ་ནས་ཐར་བའི་ཐབས་ཤེས་གཉིས་པ་དེ་རྙེད་པ། རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལྷུག་ལྷོད་འཇམ་གསུམ་གྱི་སྣང་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ། གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་འདི་ཉིད་དེ་བས་ཞུམ་མེད་སྟོབས་ལྡན་དང་དེ་བས་གསོན་ཤུགས་ཀྱིས་ཁེངས་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་ཏང་གི་གསོན་ཤུགས་ནམ་ཡང་ཉམས་པ་མེད་པ་དང་རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོ་སྐྱོད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་གང་ལེགས་མཚོན་གྱི་ཡོད།

        “བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”ཞེས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་འདི་ནི་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཡུན་རིང་འབད་འཐབ་བྱེད་པའི་ལག་ལེན་ཁྲོད་ནས་ཐོབ་པ་ཞིག་དང་། གུང་ཁྲན་ཏང་གི་སྲིད་སྐྱོང་གི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་དེ་བས་ཇེ་ཟབ་ཏུ་སོང་བ་ཞིག་རེད། དུས་རབས་གསར་པའི་ཏང་དང་མི་དམངས་ཀྱི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”ཐོག་མཐའ་བར་གསུམ་དུམཐའ་འཁྱོངས་བྱས་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་དང་རྒྱལ་ཁ་དང་གཟི་བརྗིད་དེ་བས་རླབས་ཆེ་བ་ཐོབ་པ་བྱེད་པར་ངེས་པར་དུ“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”ལ་གཅེས་སྤྲས་ལྡབ་བརྒྱ་དང་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། ཏང་གི་འགོ་ཁྲིད་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱས་ཚེ་གཞི་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་འགྲོ་ལམ་མི་སྒྱུར་བ་དང་བློ་སྟོབས་མི་ཉམས་པ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་བཞག་ཚེ་གཞི་ནས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པ། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་དང་ཏང་དར་འོག་མཐུན་སྒྲིལ་གྱིས“སྲ་ཞིང་བརྟན་པའི་ངར་ལྕགས”ལྟ་བུར་འགྱུར་བར་བྱས་ཏེ་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་བརྒྱབ་ཚེ་གཞི་ནས་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཐུབ་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་གཞག དེ་བས་རྒྱུན་མཐུད་ཆོག་པ། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཚེ་གཞི་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་དེ་བས་བརྟན་པའི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་མཁོ་འདོན་བྱེད་ཐུབ་པ། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་ཏང་གིས་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱས་ཚེ་གཞི་ནས་རང་རེའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་ཐུབ་པ་བཅས་ལ་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་པར་བྱེད་དགོས།

        ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཐོག་བསྐྱོད་རྗེས་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་སླར་ཡང་རྒྱུགས་འབུལ་གྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་ཡོད། རྒྱང་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་རྒྱང་སྐྱོད་ཅིག་ཡིན་པས། དུས་བབ་ལ་འཕོ་འགྱུར་ཇི་ལྟར་ཆེ་བ་དང་འགྲན་སློང་ཆེན་པོ་ཇི་ལྟར་འཕྲད་རུང་ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་སྙིང་རུས་གཏན་འཁྱོངས་ཀྱིས་གཏན་འཁེལ་ཟིན་པའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”མཐའ་འཁྱོངས་ཀྱིས་ངར་ཤུགས་ཆེར་སྐྱེད་དང་། འབད་འབུངས་ཡར་བརྩོན། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་ཟམ་མི་ཆད་པར་བརྩམས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བར་བྱེད་དགོས།


(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་འབྱོར་བའི་གློག་འཕྲིན)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1