༄༅།།ཟས་མཆོག་སྦྲང་དཀར་རྩམ་པ།། དབུ་ནག་བོད་མིའི་ཁ་ཟས།།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ་ལས་དྲངས། སྤེལ་དུས། 11-09


དཀར་མཛེས་ཆུ་གཤེར་རྩམ་པའི་བརྒྱུད་འཛིན་མཁན་ལག་ཤེས་པ་བཀྲ་དགའི་གནས་ཚུལ་རགས་བཀོད།

ཟས་མཆོག་སྦྲང་དཀར་རྩམ་པ།། དབུ་ནག་བོད་མིའི་ཁ་ཟས།།




བཀྲ་དགའ་ནི་སི་ཁྲོན་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་ཅན་གྱི་རྣམ་གྲངས་ཏེ་དཀར་མཛེས་ཆུ་གཤེར་རྩམ་པའི་བརྒྱུད་འཛིན་པ་ཡིན་ལ་ཡུལ་སྡེ་དར་རྒྱས་གཏོང་མཁན་ལག་ཤེས་པ་ཞིག་ཀྱང་ཡིན། ཁོང་མེས་པོའི་ལག་ཤེས་དར་སྤེལ་བྱ་རྒྱུ་ལ་དགའ་ཞེན་ཆེ་ཞིང་བརྒྱུད་འཛིན་དང་གསར་གཏོད་ལ་བརྟེན་ནས་གྲོང་མི་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ་བདག་གཞན་ཚང་མར་ཕན་པའི་ལས་ཀ་བཟང་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད།

ལག་རྩལ་བཟང་པོ་བརྒྱུད་འཛིན་བྱས།། སྦྲང་དཀར་རྩམ་པས་སྐད་གྲགས་བཞག།

སྤྱི་ཟླ་བཞི་པའི་འོ་བཟང་གྲོང་སྡེ་ནི་མཛེས་སྡུག་ལྡན་ཞིང་རེ་བས་ཁེངས་ཀྱི་ཡོད། བཀྲ་དགས་དྲོ་སྐྱིད་ལྡན་པའི་གནས་མཆོག་འདི་རུ་འཚོ་བ་སྐྱེལ་པ་ནི་རང་ཉིད་བསོད་ནམས་ཧ་ཅང་ཆེ་བ་ངོས་འཛིན་གྱིན་ཡོད། དཀྲུག་ཇ་འཐུང་ཞོར་དུ་རྩམ་པ་ཟ་ཆོག་པ་ནི་བསོད་ནམས་ཆེན་པོ་རེད་ཅེས་དགའ་སྤྲོའི་ངང་ནས་བཤད།

ནང་མིའི་ཤུགས་རྐྱེན་འོག་བཀྲ་དགའ་ཆུང་དུས་ནས་རྩམ་པ་འཐག་པའི་བརྒྱུད་རིམ་ཚང་མ་ཤེས་ལ། ནས་བཀྲུ་རྒྱུ་དང་བརྔོ་རྒྱུ། འཐག་རྒྱུ་སོགས་ཀྱི་ལས་རིམ་རབ་དང་རིམ་པར་ལག་ལེན་ཡང་ཡང་བྱས་པར་བརྒྱུད་ཁོང་ལ་རྩམ་པ་འཐག་པའི་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་ཡོད། 2005ལོར་བཀྲ་དགས་དཀར་མཛེས་རྫོང་བདེ་མཆོག་གཞིས་ཀའི་ཞིང་ལས་རིག་གནས་ཚད་ཡོད་སྤྱི་གཉེར་ཁང་བཙུགས་ནས་རྩམ་པ་འཐག་པ་དང་རྩམ་པ་ཕྱིར་འཚོང་བཞིན་ཡོད། ལོ་བཅུ་ལྷག་ཙམ་གྱི་འབད་བརྩོན་བྱས་པར་བརྒྱུད་སྤྱི་གཉེར་ཁང་གི་གྲགས་ཅན་ཐོན་རྫས་ཆུ་གཤེར་རྩམ་པ་དེ་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཐོན་རྫས་ཁྲོད་ཆེས་དགའ་བསུ་ཐོབ་པའི་ཐོན་རྫས་ཤིག་ཏུ་གྱུར།

མེས་པོས་བརྒྱུད་འཛིན་བྱེད་པའི་ལག་རྩལ་བཟང་པོ་དེ་མེད་པར་མི་འགྱུར་བའི་ཆེད་ཁོང་གིས་བློ་བརྟན་འགྱུར་མེད་ངང་ནས་འགན་འཁྲི་འདི་ཕྲག་ལ་ཁུར། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་དེང་རབས་ཅན་གྱི་ཐོན་རྫས་ཁག་ཅིག་འོ་བཟང་གྲོང་སྡེར་ཐོན་ནས་ས་གནས་དེ་གའི་ལག་རྩལ་རྙིང་པའི་ཚབ་བྱེད་ཀྱིན་ཡོད།

བཀྲ་དགས་ཆུ་གཤེར་རྩམ་པར་སྔོན་རབས་པའི་བློ་གྲོས་དང་ས་གནས་ཀྱི་རིག་གནས། ཁྱད་ལྡན་ལག་རྩལ་སོགས་འདུས་པ་ཡིན་ལ། ང་རང་ཁོ་ཚོའི་འཚོ་བཅུད་འོག་འཚར་ལོངས་བྱུང་བའི་མི་རབས་ཤིག་ཡིན་པས་དུས་རབས་འདིར་ངེས་པར་དུ་རྩམ་པའི་རིག་གནས་བརྒྱུད་འཛིན་བྱ་དགོས་ཅེས་བཤད་པ་རེད།

སྤྱི་གཉེར་ཁང་བཙུགས་པའི་དུས་འགོར་དཀའ་ངལ་མང་པོ་འཕྲད་མྱོང་སྟེ། ཟས་རིགས་ཐོན་རྫས་ཀྱི་བདེན་དཔང་ཞུ་ཡིག་དང་། ཐོན་ཚད་འགན་ལེན། ཐོན་རྫས་ཀྱི་ཚོང་ལམ་སོགས་ནི་ཁོ་རང་གཅིག་པུས་འབད་བརྩོན་བྱས་ནས་བསྒྲུབས་པ་རེད། ཁོང་གིས་ལས་ཀ་སྒྲུབ་དུས་ཡག་ཐོག་ཡག་བརྩེགས་ཀྱིས་སྤུས་རྟགས་གཏོད་རྒྱུ་ནི་གལ་ཆེན་པོ་ཡིན་པ་གསལ་པོ་ཤེས་ཀྱིན་ཡོད། ནས་སྤུས་ལེགས་དང་སྐམ་ནས་བཟང་ཤོས་འདེམས་པ། བརྔོས་ནས་རྩམ་པ་འཐག། ཐོན་རྫས་ཀྱི་ཐུམ་སྒྲིལ་དང་བཟོ་གྲྭ་ནས་ཐོན་ཏེ་བྲིན་ཚོང་བྱེད་པའི་གནད་ཐུག་ས་ཚང་མར་བཀྲ་དགའི་ནམ་ཡང་མི་འདོར་བའི་ནན་ཏན་གྱི་བསམ་པ་དེ་མིག་མཐོང་ལག་ཟིན་རེད།

ཁོང་གིས་མིའི་ལག་པས་བརྔོས་པ་ནི་ཆུ་གཤེར་རྩམ་པའི་ཁྱད་ཆོས་གཙོ་བོ་ཡིན་ལ་མེ་ཆེ་ཆུང་འཚམ་ལ་བྲོ་བ་ཞིམ་པོ་ཡིན་ཞིང་། ཆུ་གཤེར་རྩམ་པ་བཟོ་བའི་བརྒྱུད་རིམ་ལ་ལྷད་མེད་ཀྱི་རྩམ་པ་ཡིན་དགོས་པའི་ཆེད། བཟོ་རྩལ་མང་པོ་སྲོལ་རྒྱུན་གྱི་བྱེད་ཐབས་སྤྱོད་བཞིན་ཡོད། དུས་མཉམ་དུ་ཐོན་རྫས་ཀྱི་ཐུམ་སྒྲིལ་གསར་གཏོད་ལ་སྣང་ཆེན་བྱས་ནས་བོད་མི་རིགས་ཀྱི་རིག་གནས་དང་མཉམ་འདྲེས་བྱས་ཏེ་ཆུ་གཤེར་རྩམ་པ་ཕུན་སུམ་ཚོགས་པོར་བཏང་ཡོད།

ཆུ་གཤེར་རྩམ་པ་ནི་དཀར་མཛེས་ཁུལ་དུ་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། ད་དུང་ཐག་རིང་གི་ཕྱི་རྒྱལ་མ་ལེ་ཞི་ཡ་དང་དབྱིན་ཇི་སོགས་ལ་ཡང་འཚོང་གི་ཡོད། ཆུ་གཤེར་རྩམ་པ་སྐད་གྲགས་ཆོད་རྗེས་གྲོང་སྡེའི་ནང་གི་ན་གཞོན་མི་ཉུང་བ་ཞིག་གིས་མ་བསྐུལ་དང་ལེན་ངང་རྩམ་པ་བཟོ་སྟངས་སྦྱོང་འགོ་བཙུགས་ཡོད། དེས་བཀྲ་དགའ་ལ་ཆ་བཞག་ནས་བཤད་ན་རེ་བ་འགྲུབ་པའི་གཏམ་བཟང་ཞིག་ལོས་ཡིན།

ཆུ་གཤེར་རྩམ་པ་དེ་དཀར་མཛེས་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཞིབ་འཇུག་རྣམ་གྲངས་ཤིག་ཏུ་གྱུར་ཡོད། དཀར་མཛེས་རྫོང་གི་འབྲེལ་ཡོད་ལས་སྒྲུབ་མི་སྣས་ཆུ་གཤེར་རྩམ་པ་འཐག་པའི་རིག་གནས་དེ་དཀར་མཛེས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་མཉམ་འདྲེས་བྱས་ནས་དཀར་མཛེས་ཀྱི་ཡུལ་སྐོར་ཁྱད་ཆོས་ཆེ་རུ་གཏོང་ཐུབ་པའང་ཆུ་གཤེར་རྩམ་པ་འཐག་པའི་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་ཡོང་ངེས་རེད་ཅེས་བཤད།

ཟས་མཆོག་སྦྲང་དཀར་རྩམ་པ།། དབུ་ནག་བོད་མིའི་ཁ་ཟས།།

སྲོལ་རྒྱུན་ལག་རྩལ་ཐབས་ལ་བརྟེན།། རྩམ་པས་ཕྱུག་འགྱུར་ལམ་བུ་བཏོད།།

ཐོན་རྫས་གཞན་དང་མི་འདྲ་བའི་ཆུ་གཤེར་རྩམ་པ་ནི་དཔེ་མཚོན་གྱི“གསུམ་མེད་ཐོན་རྫས”ཡིན་དགོས་ཏེ། ཁོར་ཡུག་འབག་བཙོག་མེད་པ་དང་། སྨན་རྫས་འབག་བཙོག་མེད་པ། རྫས་འགྱུར་བཟོ་སྣོན་མེད་པ་བཅས་ཡིན་དགོས་པ་རེད། ལོ་མང་པོའི་རིང་ལ་འབད་བརྩོན་བྱས་པར་བརྒྱུད་ཆུ་གཤེར་རྩམ་པ་ལ“དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག”དང་“གནས་མཆོག་དཀར་མཛེས་ཁུལ་གྱི་ཐོན་རྫས་གྲགས་ཅན་རིགས་བཅུ”“སི་ཁྲོན་ཞིང་ཆེན་གྱི་གཟུགས་མེད་རིག་

གནས་ཤུལ་བཞག”སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད་པ་རེད།

ཆུ་གཤེར་རྩམ་པ་ལ་མཁོ་བའི་རྒྱུ་ཆ་ནི་ས་བབ་མཐོ་ཚད་སྨི3000ཡན་གྱི་སར་ལོ་རེ་ལ་ཐེངས་རེ་སྐྱེས་པའི་ནས་ནག་ཡིན་དགོས། ཐོན་ཚད་ཉུང་ལ་སྐྱེ་ཡུན་རིང་བ་སོགས་ཀྱི་ཁྱད་ཆོས་ཚང་དགོས་པའི་ནས་ཀྱི་རྩེ་གྲ། ནས་ནག་འདེབས་འཛུགས་བྱེད་པའི་བརྒྱུད་རིམ་ནང་རྫས་འགྱུར་ཞིང་སྨན་གང་ཡང་སྤྱད་རྒྱུ་མེད་པ་དང་གྲང་ངར་ཐེག་ཐུབ་པ། ས་བབ་མཐོ་ལ་ས་གཤིས་ཞན་པ་སོགས་ལ་སྐྱེ་པའི་ཁྱད་ཆོས་ལྡན་པ་དང་མཐོ་སྒང་རང་བྱུང་འཚོ་བཅུད་རང་བྱུང་དུ་སྐྱེ་འཚར་ཐུབ་པའི་ཁྱད་ཆོས་ལྡན་དགོས།

ཆུ་གཤེར་རྩམ་པ་བཟོ་བའི་བརྒྱུད་རིམ་ནི་ནས་ཆུ་ལ་བཀྲུ་དགོས་པ་དང་། ཉི་མར་སྐམ་པ། བུད་ཤིང་འབུད་ནས་བརྔོས་པ། ཆུ་འཁོར་སོགས་ཆེས་གནའ་བོའི་རྩམ་པ་འཐག་པའི་བརྒྱུད་རིམ་གྱི་ལག་རྩལ་ལ་བརྟེན་དགོས་པ་ཡིན་ལ། དེ་ནས་ད་གཟོད་ནས་ནག་གི་འཚོ་བཅུད་ཕུན་སུམ་ཚོགས་པོ་དང་དྲི་ཞིམ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཐོན་ཐུབ།

རང་བྱུང་གི་ལེགས་ཆ་དེ་དག་ལ་བརྟེན་ནས་སྤྱི་ལོ2017ལོའི་ཟླ་བ7པར་བཀྲ་དགས་རྩམ་པའི་ཐོན་སྐྱེད་དང་རྒྱ་སྐྱེད་ལས་གཞི་ལག་ལེན་བསྟར་ནས་ཆུ་གཤེར་རྩམ་པ་འཐག་པའི་སྤུས་ཚད་སྔར་བས་ལེགས་སུ་ཕྱིན་ཡོད། རྩམ་པ་དེ་བས་ཁྱབ་རྒྱ་ཆེ་རུ་འགྲོ་བ་ནི་ཁོང་གིས་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་ཡིན་ཞེས། ཁོང་སྔ་རྗེས་སུ་རིག་གནས་དངོས་མང་སྟོན་ཚོགས་དང་ནུབ་རྒྱུད་དངོས་མང་འགྲེམས་ཚོགས་རྩལ་ནུས་འགྲན་སྡུར་སྣ་ཚོགས་ཀྱི་བྱེད་སྒོར་ཐེངས་མང་པོར་ཞུགས་མྱོང་མོད། ཉིན་ཞིག་བྱེད་སྒོ་སྤེལ་རིང་ཆུ་གཤེར་རྩམ་པ་ཉོ་མཁན་ཧ་ཅང་མང་ལ་དགའ་བསུ་ཆེན་པོ་ཐོབ། མ་གཞི་ཉིན་བདུན་རིང་ཚོད་དཔག་བྱས་པའི་ཆུ་གཤེར་རྩམ་པ་ཚང་མ་ཉིན་གཅིག་གི་རིང་ལ་བཙོངས་ཚར་བས་ཁོང་གི་རྩམ་པ་འཐག་པའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

ལོ་ལྟར་ནས་བྱུང་བའི་དུས་སུ་ཁོང་གང་སར་ནས་ཉོ་ས་སོང་སྟེ་གྲོང་མི་གླ་ནས་ཆུ་གཤེར་རྩམ་པ་འཐག་བཅུག་པ་དེ་ནི་ས་གནས་དེ་གའི་ཡོང་འབབ་བཟང་ཤོས་སུ་གྱུར། ད་སྔར། བདེ་མཆོག་གཞིས་ཀའི་ཆུ་གཤེར་རྩམ་པ་ཏུན300ལྷག་ཙམ་ཟིན་པ་དང་། སྤྱི་གཉེར་ཁང་གིས་ལོ་འཁོར་ནང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི380ལྷག་ཙམ་ཟིན་ཡོད། ལོ་ལྟར་ནས་འདེབས་འཛུགས་དུད་ཚང80ལྷག་ཙམ་གྱི་དུད་ཚང་རེར་འབབ་འཕར་སྒོར10800རག་ཐུབ།

བཀྲ་དགས་ངས་བཟོ་གྲྭ་དེ་བཙུགས་རྗེས་ཡུལ་མི་ཚོར་ནས་ཀྱི་རིན་ཐང་མཐོ་རུ་ཕྱིན་པར་མ་ཟད་ད་དུང་ཞིང་འབྲོག་པའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ཁོ་ཚོའི་སེམས་དགའ་ཐུབ་པ་ནི་ངའི་རེ་བ་ཡིན་བཅས་བཤད། ད་ལྟ་འོ་བཟང་གྲོང་སྡེའི་གྲོང་མི་ཚོས་རྩམ་པ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པ་ནི་ཐེ་ཚོམ་སྤུ་ཙམ་ཡང་སྐྱེ་མི་དགོས་པ་ཞིག་རེད། བཀྲ་དགས་ནས་སྐྱེ་འཚར་གྱི་བརྒྱུད་རིམ་དང་རྩམ་པ་བཟོ་བའི་ལག་རྩལ་ལ་མཐོང་ཆེན་བྱས་ནས་ཐུན་མོང་མ་ཡིན་པའི་བོད་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་དང་བོད་མི་རིགས་ཀྱི་རང་བྱུང་ཞིམ་ཟས་ཀྱི་རོ་མཆོག་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་བྲོ་བའི་དཔལ་དུ་ཕུལ་དང་འབུལ་བཞིན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1