ཞི་ཅིན་ཕིང་གིས་2022ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-11


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2022ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས། དེང་གི་དུས་རབས་སུ་གྲངས་འཛིན་ལག་རྩལ་དེ་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་སྔོན་ཁྲིད་སྟོབས་ཤུགས་ཤིག་ཡིན་པའི་ངོས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཉིན་བཞིན་མཉམ་འདྲེས་ཡོང་བཞིན་ཡོད་པ་དང་། ཐོན་སྐྱེད་བྱེད་སྟངས་དང་། འཚོ་བ་སྐྱེལ་སྟངས། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་བཅས་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བཞིན་ཡོད། གྲངས་འཛིན་ཅན་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་གི་མདུན་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། དེ་བས་དྲང་གཞག་ལུགས་མཐུན་དང་། སྒོ་དབྱེ་བསྟུན་མཁས། བདེ་འཇགས་བརྟན་ལྷིང་། གསོན་ཤུགས་ལྡན་པ་བཅས་ཀྱི་དྲ་རྒྱའི་བར་མཐོངས་ཤིག་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ། གྲངས་འཛིན་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་དང་། གྲངས་འཛིན་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ། གྲངས་འཛིན་བཅོས་སྐྱོང་གནད་སྨིན་ཕན་ཆེ། གྲངས་འཛིན་རིག་གནས་དར་རྒྱས་གོང་འཕེལ། གྲངས་འཛིན་བདེ་འཇགས་འགན་ལེན་ནུས་ལྡན། གྲངས་འཛིན་མཉམ་ལས་གཉིས་ཕན་མཉམ་ཁེ་བཅས་ཀྱི་གོ་ལ་ཧྲིལ་པོའི་གྲངས་འཛིན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་བསྐྱོད་དེ། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མགྱོགས་མྱུར་བསྐྲུན་ནས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

        2022ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་དེ་ཉིན་ཀྲེ་ཅང་ཞིང་ཆེན་ཐུང་ཤང་གྲོང་ཁྱེར་ཝུའུ་ཀྲེན་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“ཐུན་མོང་ཐོག་དྲ་རྒྱའི་འཛམ་གླིང་བསྐྲུན་པ་དང་ཐུན་མོང་ཐོག་གྲངས་འཛིན་གྱི་འབྱུང་འགྱུར་བཏོད་དེ། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས”ཞེས་པ་དེ་ཡིན་ཞིང་། དེ་ནི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱིས་གཙོ་གཉེར་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་བ་ཞིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1