ཞི་ཅིན་ཕིང་གིས“རྒྱུད་འདྲེས་ཆུ་འབྲས་ཀྱི་ཕྱི་ཕྱོགས་རོགས་སྐྱོར་དང་འཛམ་གླིང་གི་འབྲུ་རིགས་བདེ་འཇགས”ཀྱི་རྒྱལ་སྤྱིའི་གླེང་སྟེགས་ལ་ཡིག་ཐོག་ཤིས་ཚིག་གསུངས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-15



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་འདྲེས་ཆུ་འབྲས་ཀྱི་ཕྱི་ཕྱོགས་རོགས་སྐྱོར་དང་འཛམ་གླིང་གི་འབྲུ་རིགས་བདེ་འཇགས”ཀྱི་རྒྱལ་སྤྱིའི་གླེང་སྟེགས་ལ་ཡིག་ཐོག་ཤིས་ཚིག་གསུངས་པ་རེད།

        ཞི་ཅིན་ཕིང་གིས། འབྲུ་རིགས་ཀྱི་བདེ་འཇགས་ནི་མིའི་རིགས་འཚོ་གནས་དང་འབྲེལ་བ་ཡོད་པའི་གཞི་རྩའི་རང་བཞིན་གྱི་གནད་དོན་ཞིག་རེད། དུས་རབས་ཕྱེད་ཀ་ཙམ་གྱི་གོང་དུ་རྒྱུད་འདྲེས་ཆུ་འབྲས་དེ་ཀྲུང་གོར་དང་ཐོག་ཞིབ་འཇུག་གསར་སྤེལ་བྱུང་བ་དང་སྦྲགས་གཞི་རྒྱ་ཆེན་པོས་ཁྱབ་གདལ་ཡང་བཏང་སྟེ། ཀྲུང་གོས་གོ་ལ་ཧྲིལ་པོའི་9%ཡང་མ་ཟིན་པའི་རྨོ་ཞིང་ལ་བརྟེན་ནས་འཛམ་གླིང་གི་མི་འབོར་ལྔ་ཆ་གཅིག་ཙམ་གྱི་བཟའ་འབྲུའི་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་བྱས་ཡོད་ལ། ཀྲུང་གོ་འདི་ཉིད་ཀྱང་འཛམ་གླིང་ཐོག་གི་འབྲུ་རིགས་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་གྲས་དང་པོ་དང་འབྲུ་རིགས་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་གྲས་གསུམ་པར་གྱུར་ཡོད། 1979ལོ་ནས་བཟུང་རྒྱུད་འདྲེས་ཆུ་འབྲས་གླིང་ཆེན་ལྔའི་རྒྱལ་ཁབ་70ཙམ་ལ་ཁྱབ་སྤེལ་བྱུང་སྟེ། རྒྱལ་ཁབ་ཁག་གི་འབྲུ་རིགས་ཐོན་འཕར་དང་ཞིང་ལས་འཕེལ་རྒྱས་ཕྱིར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འབྲུ་རིགས་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་བསྟན་གནང་བ་རེད།

        ཞི་ཅིན་ཕིང་གིས། མིག་སྔར་གོ་ལ་ཧྲིལ་པོའི་འབྲུ་རིགས་ཀྱི་བདེ་འཇགས་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་བདེ་སྡུག་མཉམ་མྱོང་དང་ཕྱར་བ་གྲུ་འདེགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་སྐུལ་འདེད་བཏང་སྟེ། འབྲུ་རིགས་ཀྱི་བདེ་འཇགས་དང་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་དང་བཀྲེས་ལྟོགས་དང་དབུལ་ཕོངས་མེད་པའི་འཛམ་གླིང་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

        “རྒྱུད་འདྲེས་ཆུ་འབྲས་ཀྱི་ཕྱི་ཕྱོགས་རོགས་སྐྱོར་དང་འཛམ་གླིང་གི་འབྲུ་རིགས་བདེ་འཇགས”ཀྱི་རྒྱལ་སྤྱིའི་གླེང་སྟེགས་བྱེད་སྒོ་གོང་ཚེས་ཉིན་པེ་ཅིང་དུ་སྤེལ་ཞིང་། རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་དང་། ཞིང་ལས་དང་གྲོང་གསེབ་པུའུ། རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གྲབས་གསོག་ཅུས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1