རྨ་ཁུག་རྟ་མཆོག་སྲུང་སྐྱོང་གི་ལས་ལ་གཞོལ་བའི་ཕ་བུ་གཉིས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 11-16



        སྟོན་དུས་ཀྱི་ཞོགས་པར། ཡངས་ཤིང་རྒྱ་ཆེ་བའི་མཛོད་དགེ་རྩྭ་ཐང་ཞོགས་པའི་སྨུག་སྤྲིན་གྱིས་བཀླུབས་ཤིང་། སྐྱ་ཐེར་ཐེར་གྱི་རྩྭའི་ཉག་མ་རེ་རེའི་སྟེང་མུ་ཏིག་སྟར་ལ་བརྒྱུས་འདྲའི་བ་མོ་ཁྲ་ཆིལ་དུ་ཆགས། དེའི་ཚེ་ན། རྟ་མཆོག་གི་རྨིག་སྒྲ་ཐོས་འཛིན་གྱི་བུ་གར་གྲགས་པ་དང་བསྟུན་ནས་རྟ་མཆོག་བརྒྱ་ལྷག་ཞོགས་པའི་སྨུག་སྤྲིན་སྟུག་པོ་དེ་བརྟོལ་ཏེ་རླུང་ལྟར་ཚུར་རྒྱུག་འོང་བ་དང་། ཕྱུགས་རྫི་རྣམས་ཀྱི་ཀི་སྒྲ་ཡང་རྟ་ཕོའི་འཚེར་སྒྲ་བསྡོངས་ནས་ཞོགས་པ་འདིའི་དབྱངས་འགྲོས་སྙན་པོ་ཞིག་ཏུ་གྱུར། རེད་ལགས། དེ་དག་ནི་རྩྭ་ཐང་གི་གར་མཁན་དུ་གྲགས་པའི་རྨ་ཁུག་གི་རྟ་མཆོག་རེད། གཟུགས་སྟོབས་ཆེ་ལ་ཉམས་འགྱུར་གྱི་ཕྱུག་ཅིང་ཐེག་ཤུགས་ཆེ་བས་སྐད་གྲགས་ཆོད་པ་དང་། ལྷག་པར་དུ་གྲང་ངར་ཆེ་བའི་ས་མཐོའི་ཁོར་ཡུག་དང་འཚམ་པས་གནས་འདིར་འཚོ་བཞིན་པའི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་འབྲལ་ཐབས་མེད་པའི་རོགས་ཟླར་ཡང་གྱུར་ཡོད།

        རྨ་ཁུག་གི་རྟ་དང་ནང་སོག་སན་ཧོ་ཡི་རྟ། ཤིན་ཅང་དབྱི་ལི་རྟ་བཅས་པར་ཀྲུང་གོའི་གྲགས་ཅན་རྟ་མཆོག་གསུམ་ཞེས་འབོད་ཀྱི་ཡོད་ཅིང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་དུ་ཆགས་པ་དང་། རྫོང་དེའི་ཐང་སྐོར་གྲོང་རྡལ་ནི་རྨ་ཁུག་རྟ་མཆོག་གི་ཕ་ས་ཡིན།

        ཕོ་གསར་པདྨ་དབང་ཆེན་ནི་ཤ་རུས་སྐམ་རུང་ཐང་ཤ་དོད་ཁར། ཁོང་གི་རྟ་ཐོག་གི་ཉམས་བཟང་ལ་ཀུན་གྱིས་ཡི་རང་ལྷག་ཏུ་བྱེད། ཁོང་ནི་ཕོ་ལོ་25ལ་སླེབས་པའི་རྟ་པ་ཞིག་ཡིན་པ་དང་། དེ་སྔ་སི་ཁྲོན་མཛོད་དགེ་དང་ཀན་སུའུ་རྨ་ཆུ་སོགས་སུ་གཉེར་བའི་རྟ་རྒྱུག་འགྲན་བསྡུར་ནང་ཨང་དང་པོ་བླངས་མྱོང་ལ་འགྲན་བསྡུར་ནང་ཞུགས་དུས་ཁོང་ནས་བཞོན་རྒྱུར་དགའ་ཤོས་བྱེད་པ་ནི་རྨ་ཁུག་གི་རྟ་མཆོག་རེད།

        པདྨ་དབང་ཆེན་གྱིས་གསར་འགོད་པར། ཉིན་ཤས་རིང་། ཁོང་གིས་རྟ་ཁྱུའི་ཁྲོད་ནས་རྟ་རྒྱུག་དང་འཚམ་པའི་རྟ་མཆོག་འཚོལ་བ་དང་། དུས་མཚུངས་གཟུགས་པོའི་ལྗིད་ཚད་ཀྱང་ཚོད་འཛིན་ནན་པོ་བྱས་ནས་སང་ལོའི་དཔྱིད་དུས་ཀྱི་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

        བར་ཐག་མི་རིང་བའི་ས་ནས་ངོ་གདོང་ནག་ལ་གཟུགས་པོ་ཐང་བའི་ཇོ་ལགས་ཤིག་གསར་འགོད་པའི་ཕྱོགས་སུ་འོང་། ཁོང་གི་མཚན་ལ་དོན་གྲུབ་ཟེར་ཞིང་། པདྨ་དབང་ཆེན་གྱི་ཨ་ཕ་རེད་ལ། ཆུང་དུས་ནས་རྟ་ཐོག་ཏུ་འཚར་ལོངས་བྱུང་བའི་འབྲོག་པ་ཞིག་ཀྱང་རེད། དུས་རབས་ཕྱེད་ཀ་ཙམ་རིང་རྟ་ཐོག་ཏུ་འཚོ་བ་སྐྱེལ་མྱོང་ལ། ད་བར་བརྗེད་པར་དཀའ་བ་ནི་རྨ་ཁུག་རྟ་མཆོག་བཞོན་ནས་རྩྭ་ཐང་ཐོག་འགྲིམས་པའི་ལོ་ཟླ་རེད།

        ཁོང་ནས་ཐུགས་ཁྲལ་ཆེ་ཤོས་གནང་ས་ནི། ད་ཆ་འབྲོག་པ་ན་གཞོན་མང་པོ་ཞིག་སྦག་སྦག་དང་རླངས་འཁོར་ཉོ་རྒྱུར་དགའ་བས་རྟ་ཡི་དགོས་མཁོ་རིམ་བཞིན་ཆུང་དུ་འགྲོ་བཞིན་པ་དེ་རེད། སྤྱི་ལོ2017ལོར། རྨ་ཁུག་རྟ་མཆོག་སྲུང་སྐྱོང་བྱ་ཆེད་དོན་གྲུབ་ལགས་ཀྱིས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། མཉམ་སྡེབ་ཐོག་རྨ་ཁུག་རྟ་མཆོག་གསོ་ཚགས་གནང་བ་མ་ཟད། རྨ་ཁུག་རྟ་མཆོག་རྒྱུད་བཟང་སྤེལ་བ་དང་སྦྱོང་བརྡར་སྤྲད་དེ་རྨ་ཁུག་རྟ་མཆོག་ལ་སྲུང་སྐྱོང་གནང་ཡོད། ད་ཆ་མཛོད་དགེ་རྩྭ་ཐང་ཆེན་མོའི་ཐོག་རྒྱུད་དག་གི་རྨ་ཁུག་རྟ་མཆོག་གི་གྲངས་འབོར་མང་ནས་མང་དུ་འགྲོ་བཞིན་ཡོད།

        བོད་རིགས་མང་ཚོགས་ཀྱིས་རྨ་ཁུག་རྟ་མཆོག་ལ་གཅེས་སྐྱོང་བྱེད་པ་དང་། རྨ་ཁུག་རྟ་མཆོག་གིས་ཀྱང་བོད་རིགས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། དོན་གྲུབ་ལགས་ཀྱིས། རྒྱུད་དག་གི་རྨ་ཁུག་རྟ་ཕོ་གཅིག་གི་ཁྲོམ་རའི་རིན་གོང་སྒོར་ཁྲི་12ནས་13བར་ཡིན་པ་དང་། ལོ་2ནས་3བར་གྱི་རྟེའུ་ལའང་སྒོར་ཁྲི་གཉིས་གསུམ་ཙམ་རག་གི་ཡོད། དེ་བས་རྟ་རྒྱུག་དང་འཚམ་པའི་རྒྱུད་དག་གི་རྨ་ཁུག་རྟ་མཆོག་གི་ཁྲོམ་རའི་རིན་གོང་མཐོ་ཤོས་ལ་སྒོར་ཁྲི་30ཟིན་གྱི་ཡོད་ཅེས་གསུངས་པ་རེད།

        གཞན་ཡང་མཛོད་དགེ་རྩྭ་ཐང་ཆེན་མོའི་མཛེས་ལྗོངས་ཀྱིས་ལོ་ལྟར་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་གི་ཡོད་ཅིང་། གྲོང་མི་མང་པོ་ཞིག་ཀྱང་བོད་ཁྱིམ་སྤྲོ་ཁང་དང་མགྲོན་ཁང་སོགས་བཙུགས་ནས་ཡུལ་སྐོར་གྱི་ཡོང་འབབ་གསོག་རྒྱུ་བྱུང་ཡོད། རྟ་བཞོན་རྒྱུ་ནི་ཡུལ་སྐོར་བས་དགའ་པོ་བྱེད་པའི་ཁྱད་ལྡན་ཞབས་ཞུའི་རྣམ་གྲངས་ཀྱི་གྲས་ཤིག་རེད། དོན་གྲུབ་ལགས་ཀྱིས། ཡུལ་སྐོར་དུས་ཚིགས་གཅིག་རིང་ལ་རྟ་རེར་ཆ་སྙོམས་ཐོག་ཡོང་འབབ་སྒོར་ཁྲི་ཡན་རག་གི་འདུག་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1