༄༅། །ཁྲག་ཤེད་མཐོ་བའི་ནད་ཕོག་པའི་ཚད་གཞིར་འགྱུར་ལྡོག་བཏང་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 11-16



        སྤྱི་ཟླ་11པའི་ཚེས་13ཉིན། ཀྲུང་གོའི་ཁྲག་ཤེད་མཐོ་བའི་ནད་ཀྱི་ནད་ཐོག་ལག་ལེན་ཕྱོགས་སྟོན་ཞེས་པ་སྤེལ་བ་དང་། ཕྱོགས་སྟོན་དེའི་ནང་། རང་རྒྱལ་གྱི་མི་དར་མར་ཁྲག་ཤེད་མཐོ་བའི་ནད་ཕོག་པ་གཏན་འཁེལ་བྱེད་པའི་ཚད་ཐིག་དེ་སྙིང་ཁ་ཟུམ་པའི་དུས་ཀྱི་ཁྲག་ཤེད་130ལས་མཐོ་བའམ་དེ་དང་མཚུངས་པ། སྙིང་ཁ་འབྱེད་པའི་དུས་ཀྱི་ཁྲག་ཤེད་80ལས་མཐོ་བའམ་དེ་དང་མཚུངས་པར་སླེབས་པ་ཚེ་ཁྲག་ཤེད་མཐོ་བའི་ནད་ཕོག་པར་བརྩི་རྒྱུ་རེད་ཅེས་བཏོན་འདུག

        ཕྱོགས་སྟོན་དེའི་ནང་ཁྲག་ཤེད་མཐོ་བའི་ནད་པའི་སྙིང་དང་ཁྲག་རྩར་འཕྲད་པའི་ཉེན་ཁ་དེ་ཉེན་ཁ་ཆེ་བ་དང་། ཉེན་ཁ་ཅུང་ཆུང་བ་གཉིས་སུ་དབྱེ་འདུག ཉེན་ཁ་ཆེ་བའི་ནད་པ་ནི་སྙིང་ཁ་ཟུམ་པའི་དུས་ཀྱི་ཁྲག་ཤེད་140ལས་མཐོ་བའམ་དེ་དང་མཚུངས་པ་དང་། སྙིང་ཁ་འབྱེད་པའི་དུས་ཀྱི་ཁྲག་ཤེད་90ལས་མཐོ་བའམ་དེ་དང་མཚུངས་པ་དག་དང་། དེ་བཞིན་སྙིང་ཁ་ཟུམ་པའི་དུས་ཀྱི་ཁྲག་ཤེད་130ནས་139དང་། སྙིང་ཁ་འབྱེད་པའི་དུས་ཀྱི་ཁྲག་ཤེད་80ནས་89བར་ལས་མ་ཟིན་ཡང་། ཁྲག་ཤེད་མཐོ་བའི་ནད་ཀྱི་མཉམ་བྱུང་ནད་ཕོག་ཟིན་པ་དང་། དབང་པོ་གཞན་ལ་གནོད་སྐྱོན་བཟོས་ཟིན་པ། དེའི་ཐོག་ཐ་མག་འཐེན་པ་དང་། ཁྲག་གི་མངར་ཆ་ཏག་ཏག་མ་བསྡད་པ། ཁྲག་ཚིལ་ཏག་ཏག་མ་བསྡད་པ། རྒྱགས་པ་ཡིན་པ་སོགས་ཀྱི་ནད་པ་དག་རེད།

        ཉེན་ཁ་ཅུང་ཆུང་བའི་ནད་པ་ནི་སྙིང་ཁ་ཟུམ་པའི་དུས་ཀྱི་ཁྲག་ཤེད་130ནས་139དང་། སྙིང་ཁ་འབྱེད་པའི་དུས་ཀྱི་ཁྲག་ཤེད་80ནས་89བར་ཡིན་པ་གང་ཞིག གོང་དུ་བརྗོད་པའི་མཉམ་བྱུང་ནད་ཕོག་མེད་པ་དང་། སྙིང་དང་ཁྲག་རྩར་ཉེན་ཁ་བཟོ་བའི་རྒྱུ་རྐྱེན་གཞན་དག་མེད་པ་དག་རེད།

        ཕྱོགས་སྟོན་ནང་བསྟན་པར། སྙིང་དང་ཁྲག་རྩའི་ཉེན་ཁ་ཆེ་བ་དག་གིས་འཕྲལ་དུ་ཁྲག་ཤེད་གཅོག་པའི་སྨན་སྤྱད་ནས་སྨན་བཅོས་བྱེད་དགོས་པ་དང་། སྙིང་དང་ཁྲག་རྩའི་ཉེན་ཁ་ཆུང་བ་དག་གིས་ཟླ་བ་3ནས་6བར་འཚོ་བའི་གོམས་གཤིས་ལེགས་སུ་བཏང་ནས་ལེགས་བཅོས་ཐུབ་ཐབས་བྱས་ནའང་སྔར་བཞིན་སྙིང་ཁ་ཟུམ་པའི་དུས་ཀྱི་ཁྲག་ཤེད་130ལས་མཐོ་བའམ་དེ་དང་མཚུངས་པ། སྙིང་ཁ་འབྱེད་པའི་དུས་ཀྱི་ཁྲག་ཤེད་80ལས་མཐོ་བའམ། དེ་དང་མཚུངས་པར་མུ་མཐུད་གནས་ཡོད་ཚེ་ཁྲག་ཤེད་གཅོག་པའི་སྨན་སྤྱད་ནས་སྨན་བཅོས་བྱ་རྒྱུར་བསམ་བློ་གཏོང་དགོས།


        ད་ཐེངས་ཀྱི་ཚད་གཞི་ལེགས་སྒྲིག་བྱས་པ་དེ་ནི་གཙོ་བོ་ཀྲུང་གོ་བ་རང་ཉིད་ཀྱི་རིམས་ནད་རིག་པའི་གཞི་གྲངས་ལ་གཞིགས་ནས་བྱས་པ་ཞིག་རེད། རིགས་གཅིག་མཁས་པས། ཁྲག་ཤེད་“130/80 mmHgདང་། 140/90 mmHgབར་གྱི་”མི་ཚོགས་རྣམས་ནི་དེའི་གོང་རྒྱུན་གཏན་ལས་མཐོ་ཙམ་དང་། ཁྲག་ཤེད་མཐོ་བའི་ནད་ཕོག་གྲབས་ཡོད་པའི་མི་ཚོགས་ལ་ངོས་འཛིན་བྱེད་ཀྱི་ཡོད། གསར་དུ་ཞིབ་འཇུག་བྱས་པ་ལས་གསལ་བར། མི་ཚོགས་དེའི་ཁྲོད་ཀྱི་མང་ཆེ་བས་དུས་ཐོག་ཏུ་ནད་གཞི་སྔོན་འགོག་མི་བྱེད་པས། མཐར་སྙིང་དང་། ཀླད་པ། ཁྲག་རྩ་བཅས་གསུམ་གྱི་ནད་ཕོག་པའི་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད། དེས་ན་ཚད་གཞི་གསར་པ་གཏན་འབེབས་བྱས་པ་དེས་སྔར་གྱི་“རྒྱུན་གཏན་ལས་མཐོ་ཙམ་”དེ་དག་ད་ཆ་ཁྲག་ཤེད་མཐོ་བའི་ནད་པར་གཏན་འཁེལ་བྱས་པ་དེས་རྐྱེན་པས། མི་ཚོགས་དེར་རྗེས་དེད་བརྟག་ཞིབ་ཚད་ལེན་དང་། སྨན་གྱི་སྨན་བཅོས། ཡུན་རིང་གི་དམ་དོན་བཅས་ཐོབ་པར་འགྱུར་བས། མི་ཚོགས་དེར་སྙིང་དང་ཀླད་པ་ཁྲག་རྩ་གསུམ་གྱི་ནད་ཕོག་པའི་ཉེན་ཁ་དང་སྲོག་ཉེན་འཕྲད་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་རྒྱུ་རེད།

        ཁྲག་ཤེད་མཐོ་བའི་ནད་ནི་རང་རྒྱལ་དུ་ཕོག་མང་ཤོས་ཀྱི་གཅོང་ནད་ཅིག་ཡིན་པ་དང་། ལོ་བགྲེས་ཅན་གྱི་འཕེལ་རིམ་དང་བསྟུན་ནས། ཁྲག་ཤེད་མཐོ་བའི་ནད་སྔོན་འགོག་དང་དེར་ཚད་ལྡན་ཅན་གྱི་བརྟག་བཅོས་བྱེད་པའི་ལས་དོན་ནི་དེ་བས་གལ་ཆེ་བར་གྱུར་ཡོད། མི་མི་ཉུང་བ་ཞིག་ལ་རང་ཉིད་ཀྱིས་རང་གི་ཁྲག་ཤེད་འཇལ་བའི་གོམས་གཤིས་ཡོད།

        འོ་ན་རང་ཁྱིམ་དུ་ཇི་ལྟར་བྱས་ནས་རང་རང་གི་ཁྲག་ཤེད་ཡང་དག་པའི་སྒོ་ནས་འཇལ་དགོས་སམ་ཞེ་ན། ཕྱོགས་སྟོན་དེའི་ནང་གྲོས་འགོ་འདི་ལྟར་བཏོན་པ་སྟེ།

1.ཉིན་ལྟར་སྔ་དྲོ་དང་དགོང་མོ་ཁྲག་ཤེད་ཐེངས་རེ་འཇལ་དགོས་པ།

2.ཁྲག་ཤེད་འཇལ་ཐེངས་རེར་ཉུང་མཐར་ཡང་ཐེངས་གཉིས་རེ་འཇལ་དགོས་པ་དང་། འཇལ་ཐེངས་རེའི་བར་དུ་བར་ཐག་སྐར་མ་1ནས་2བར་འཇོག་དགོས་པ་དང་། ཁྲག་ཤེད་ཐེངས་གཉིས་བརྟག་པའི་བརྟག་འབྲས་ཀྱི་ཆ་སྙོམས་གྲངས་ཀ་དེ་ལེན་དགོས་པ། གལ་སྲིད་ཐེངས་དང་པོ་དང་གཉིས་པའི་བརྟག་གྲངས་བར་གྱི་ཧེ་བག་ཨང་གྲངས་10ལས་མཐོ་བ་ཡོད་ཚེ། ཐེངས་གསུམ་པ་དེ་འཇལ་དགོས་པ་དང་། དེ་ལྟར་སྔ་ཕྱིར་ཐེངས་གསུམ་འཇལ་བ་དེ་དག་བརྟག་ཐེངས་ཕྱི་མ་གཉིས་ཀྱི་ཆ་སྙོམས་གྲངས་དེ་གཞི་འཛིན་སར་བྱེད་དགོས།

3.ཁྲག་ཤེད་མ་འཇལ་གོང་གི་སྐར་མ་30ཡི་ནང་ཤུགས་དྲག་ཆེ་བའི་འགུལ་སྐྱོད་དང་། ཆང་རག་འཐུང་བ། ཀོག་ཧྥེ་ཡི་རྒྱུ་ཆ་ལྡན་པའི་འཐུང་བྱ་འཐུང་བ། ཐ་མག་འཐེན་པ་བཅས་བྱ་མི་རུང་བ། ཁྲག་ཤེད་འཇལ་བའི་གོང་དུ་སྐར་མ་3ནས་5བར་ལྷིང་ལ་འཇགས་ནས་ངལ་གསོ་དགོས་པ། གྱོན་ཆས་ལྷུག་ཙམ་གྱོན་དགོས་པ། ཕུ་ཐུང་བརྫེས་ནས་སྡོད་མི་རུང་བ།

4.ཁྲག་ཤེད་འཇལ་བའི་དུས་ཚོད་ཐད་ནས་བཤད་ན། སྔ་དྲོ་སྨན་མ་ཟས་གོང་དང་། ཞོགས་ཟས་མ་ཟས་གོང་། གཅིན་པ་བཏང་ཚར་བའི་རྗེས་བཅས་ཀྱི་སྐབས་སུ་འཇལ་དགོས་པ། དགོང་མོར་ཆ་བཞག་ན་དགོང་ཟས་མ་ཟས་གོང་འཇལ་དགོས་པ་དང་། གལ་སྲིད་དུས་ཚོད་དེར་འཇལ་མ་ཐུབ་ན་གཉིད་མ་ཉལ་གོང་གི་ཆུ་ཚོད་1ནང་འཇལ་དགོས་པ། དགོང་མོ་གལ་སྲིད་སྨན་ཟ་དགོས་ཚེ་སྨན་མ་བཟས་གོང་འཇལ་དགོས།

5.ཐོག་མར་བརྟག་དཔྱད་བྱེད་སྐབས་སམ་ཁྲག་ཤེད་བརྟན་པོར་ཚོད་འཛིན་མ་ཐུབ་པའི་ནད་པས་གཟའ་འཁོར་གཅིག་ནང་བསྟུད་མར་ཉིན་3ཁྲག་ཤེད་འཇལ་དགོས་པ།

6.ཁྲག་ཤེད་ཚོད་འཛིན་ཡག་པོ་ཐུབ་པའི་མིས་གཟའ་འཁོར་རེར་ཉིན་1ནས་2བར་ཁྲག་ཤེད་འཇལ་དགོས།

        ཕྱོགས་སྟོན་དེའི་ནང་། ཁྲག་ཤེད་མཐོ་བའི་ནད་པ་ཚང་མས་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་དགོས་པའི་གྲོས་འགོ་བཏོན་པ་སྟེ། དེའི་ནང་བཟའ་བཏུང་གོམས་གཤིས་དང་། ལུས་སྦྱོང་གོམས་གཤིས། སེམས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བ། ལུས་ཤ་སྐམ་དུ་གཏོང་བ། ཐ་མག་གཅོད་པ་དང་ཆང་རག་འཐུང་ཚོད་བྱེད་པ་སོགས་ཚུད་འདུག

        དེ་དག་ཁྲོད། བཟའ་བཏུང་ཐད་ཀྱི་ཚོད་འཛིན་ནི་གལ་འགངས་ཆེན་པོ་ཞིག་རེད། ཕྱོགས་སྟོན་དེའི་ནང་འོས་སྦྱོར་བྱས་པར། ཀྲུང་གོའི་ཁྲག་ཤེད་མཐོ་བའི་ནད་པ་རྣམས་ནས་ནཱ་ཡི་འདུས་ཚད་ཉུང་བའི་ཚྭ་(低钠盐)ཡིས་སྤྱིར་བཏང་གི་བཟའ་ཚྭའི་ཚབ་བྱེད་དགོས་པ་དང་། ནཱ་བཟའ་འཐུང་བྱེད་ཚད་ཉིན་རེར་ཧའོ་ཁེ་2000བར་དམའ་རུ་གཏོང་དགོས་པ་དང་། ཅཱ་བཟའ་འཐུང་བྱེད་ཚད་ཉིན་རེར་ཧའོ་ཁེ་3500~4700ཟིན་པ་བྱ་དགོས་པའི་གྲོས་འགོ་བཏོན་འདུག

        དེ་དང་ཆབས་ཅིག ལུས་སྦྱོང་བྱ་རྒྱུ་ནི་ཁྲག་ཤེད་གཅོག་པའི་བྱ་ཐབས་ཡག་ཤོས་ཤིག་རེད། སྙིང་ཁ་ཟུམ་པའི་དུས་ཀྱི་ཁྲག་ཤེད་160ཟིན་པ་དང་། སྙིང་ཁ་འབྱེད་པའི་དུས་ཀྱི་ཁྲག་ཤེད་100ཟིན་པའི་ཁྲག་ཤེད་མཐོ་བའི་ནད་པ་ཡིན་ན། གཟའ་འཁོར་རེའི་ནང་ཉིན་5~7བར་དང་། ཐེངས་རེར་སྐར་མ་30~60བར་ཤུགས་ཚད་འབྲིང་བའམ་ཆེ་བའི་ལུས་རྩལ་རྩེད་དགོས་པ་མ་ཟད། ད་དུང་གཟའ་འཁོར་རེར་ཤུགས་སྦྱོང་བའི་སྦྱོང་བརྡར་ཐེངས་2ནས་3བར་བྱེད་དགོས་ལ། ད་དུང་རང་ཉིད་ཀྱི་ལུས་པོའི་གནས་ཚུལ་ལ་བལྟས་ནས་རང་ནུས་ལ་དཔག་པའི་ལུས་སྦྱོང་བྱ་དགོས།

        ནམ་རྒྱུན་གྱི་ཁང་པའི་ཕྱི་རོལ་གྱི་ལུས་སྦྱོང་ནང་། མྱུར་ཚད་མགྱོགས་པོས་གོམ་བགྲོད་བྱེད་པ་དང་། མྱུར་ཚད་དལ་བའི་རྒྱུག་ཤར་གློད་པ། ཆུ་རྐྱལ་རྒྱག་པ། རྐང་འཁོར་བཞོན་པ། ལུས་སྦྱོང་ལུས་རྩལ་རྩེད་པ། ཐག་མཆོངས་རྒྱག་པ་སོགས་ལྟ་བུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1