ས་བབ་མཐོ་ཚད་སྨི4400ལྷག་ཙམ་གྱི་དྲོད་ཁང་ནང་གི་འབྲི་ཏ་ས་འཛིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-17


ཟླ11པའི་ཚེས11ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་དམར་མདའ་ཤང་གི་འབྲི་ཏ་ས་འཛིན་འཐུ་བའི་བྱེད་སྒོ་སྤེལ་ཡུལ།

“མིག་སྔར།  ང་ཚོའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4400ལྷག་ཙམ་ཡོད་པའི་ཁང་དམར་རྫོང་ས་དམར་མདའ་ཤང་དུ་འདེབས་འཛུགས་བྱས་པའི་དྲོད་ཁང་ཆེ་མོའི་ནང་གི་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དུས་ལ་སླེབས་པ་དང་། འབྲི་ཏ་ས་འཛིན་ཉིན་རེར་རྒྱ་མ150ལྷག་ཙམ་དང་སྔོ་ཚལ་རྒྱ་མ་ཆིག་སྟོང་ལྷག་ཙམ་ཐོན་གྱི་ཡོད” ཚེས12ཉིན། ཧྲན་ཏུང་ཧྲོའུ་ཀོང་ནས་ཡིན་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་དུ་དྲོད་ཁང་ནང་འདེབས་འཛུགས་ལས་ཀ་བྱེད་པའི་མཐོ་སྒང་གི་ཚལ་འདེབས་ཞིང་པ་མོང་ཏེ་ལིས་ངོ་སྤྲོད་བྱས་དོན།  ཚེས11ཉིན་ཁང་དམར་རྫོང་གིས་རྫོང་དེའི་སྐབས་དང་པོའི་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་བྱེད་སྒོ་སྤེལ་ནས།  ས་གནས་དེ་གའི་ལས་བྱེད་ལས་བཟོ་དང་ཞིང་འབྲོག་པས་སྔོ་ཚལ་དང་ཤིང་ཏོག་འཐུ་བའི་སྤྲོ་བ་ཉམས་ལེན་བྱས་ཡོད།

ཕ་མས་ཕྲུ་གུ་ཁྲིད་ནས་འབྲི་ཏ་ས་འཛིན་འཐུ་བཞིན་པ།

རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4400ལྷག་ཙམ་ཡོད་པའི་བོད་ལྗོངས་ཁང་དམར་རྫོང་ས་དམར་མདའ་ཤང་གི་དྲོད་ཁང་ཆེ་མོའི་ནང་གི་འབྲི་ཏ་ས་འཛིན།

        ཁང་དམར་རྫོང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཞིག་ཡིན་ཞིང་།  རི་བོ་ཧི་མ་ལ་ཡའི་བྱང་རྒྱུད་དུ་གནས་པ་དང་།  འབྲོག་ལས་གཙོ་བོར་བྱེད་པའི་ས་མ་འབྲོག་གི་མཐའ་མཚམས་རྫོང་ཞིག་ཡིན།  ཁང་དམར་རྫོང་གི་གཞུང་ཕྱོགས་ཀྱིས་ངོ་སྤྲོད་བྱས་དོན། དེ་གའི་དྲོད་ཁང་ཆེ་མོ་དེ་ནི2021ལོར་གཙོ་གནད་ཐོག་མ་འཇོག་དང་ཚོང་འགུགས་ནང་འདྲེན་བྱས་ཏེ་བཙུགས་པ་ཞིག་ཡིན་པ་དང་། དྲོད་ཁང་ཁྱོན་བསྡོམས9ལ་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ8400ལྷག་ཙམ་ཡོད་ཅིང་། དེ་ནི་རྫོང་དེའི་གཞི་ཁྱོན་ཆེ་ཤོས་ཀྱི་དྲོད་ཁང་ཆེ་མོ་ཞིག་ཡིན་པ་དང་དེར་ཀྲུང་གོའི་སྔོ་ཚལ་འདེབས་འཛུགས་ཁྱབ་ཁོངས་སུ་སྐད་གྲགས་ཆེན་པོ་ལྡན་པའི་ཧྲན་ཏུང་ཧྲོའུ་ཀོང་གི་འདེབས་འཛུགས་བྱེད་སྟངས་སྤྱད་ཡོད།

བོད་ལྗོངས་ཁང་དམར་རྫོང་ས་དམར་མདའ་ཤང་གི་དྲོད་ཁང་ཆེ་མོའི་ནང་གི་འབྲི་ཏ་ས་འཛིན།

རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4400ལྷག་ཙམ་ཡོད་པའི་བོད་ལྗོངས་ཁང་དམར་རྫོང་ས་དམར་མདའ་ཤང་གི་དྲོད་ཁང་ཆེ་མོའི་ནང་གི་སྐྱེ་འཚར་བཟང་བའི་ཤིང་ཏོག

        ས་དམར་མདའ་ཤང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་དོན། རྣམ་གྲངས་དེ2022ལོའི་ཟླ5པར་ལས་འགོ་ཚུགས་པ་དང་།  ཟླ8པའི་ཟླ་སྨད་དུ་ཤིང་འབྲས་དང་སྔོ་ཚལ་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། མིག་སྔར་བཏབ་པའི་སྔོ་ཚལ་གྱི་རིགས་ནང་པད་ཚལ་དང་སོ་ལོ་སྔོན་པོ་སོགས་ཡོད་པ་དང་།  ཤིང་འབྲས་ཀྱི་རིགས་ནང་འབྲི་ཏ་ས་འཛིན་ལ་སོགས་ཡོད། རྣམ་གྲངས་སྐྲུན་འགོ་ཚུགས་པ་ནས་བཟུང་།  རིམ་རྩིས་བྱས་ན་ས་གནས་དེ་གའི་ཞིང་འབྲོག་པ60ལྷག་ཙམ་ལ་ལས་ཞུགས་འབབ་འཕར་ཡོང་རོགས་བྱས་པ་དང་། མི4ཡི་ཡུན་རིང་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ། རིགས་ཁག་གི་གླ་ཕོགས(འཕྲུལ་ཆས་ཀྱི་འགྲོ་གྲོན་ཚུད་པ)མི་དམངས་ཤོག་སྒོར་ཁྲི70ལྷག་ཙམ་དོན་འཁྱོལ་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1