ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-17



        ཤིན་ཧྭ་གསར་འགྱུར་ཁང་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པཱ་ལི་གླིང་ཕྲན་དུ་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་ཨོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཐུས་ཚང་དང་བརྟན་པོའི་ཕྱོགས་སུ་སྐྱོད་སྐབས་དང་ཐོག་ཕན་ཚུན་དབར་གྱི་ཧེ་བག་དང་མི་མཐུན་པའི་ཆར་ལྟ་སྟངས་ཡང་དག་འཛིན་ལུགས་གང་ལེགས་མཚོན་པར་བྱེད་དགོས། ཕྱོགས་འགལ་ལས་སྒྲོལ་བ་དང་། ཕན་ཚུན་བརྩི་འཇོག གཉིས་ཁེ་གཉིས་ཕན་བཅས་ཡོང་བ་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་འགག་རྩ་ཞིག་ཡིན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དབར་རྩ་བའི་ཁེ་གྱོང་གི་གདོང་ཐུག་གཏན་ནས་ཡོད་མྱོང་མེད། ཡོད་པ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་དང་ཚད་མཐོའི་གསབ་རེས་ཀྱི་དཔལ་འབྱོར་གྲུབ་ཆ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་འདུན་པ་དེ་རེད། ཉེ་དུས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཇེ་ལེགས་དང་འཕེལ་རྒྱས་གཏོང་བའི་བསམ་འདུན་མངོན་པར་ཀྲུང་གོ་ཕྱོགས་ཀྱིས་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡང་དག་པའི་བགྲོད་ལམ་ཐོག་ཇི་ལྟར་སྐྱོད་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཇི་ལྟར་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་བསྡུར་བྱེད་དགོས། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཨོ་སི་ཁྲུ་ལི་ཡར་བསྐྱོད་ནས་མ་འཇོག་གཉེར་སྐྱོང་བྱ་རྒྱུར་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་རེ་བ་ཡོད།

        ཨར་པ་ཉི་སིས་བརྗོད་དོན། ཨོ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་ཉེར་ཡོད། ཨོ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་དེ་སྔ་ཨོ་ཀྲུང་དབར་ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་ལས་ཀྱི་སྙིང་སྟོབས་ཐོག་ནས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། དགེ་མཚན་ལྡན་ལ་ཟོལ་མེད་ཀྱི་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་མི་མཐུན་པའི་ཆ་ཆུང་དུ་བཏང་སྟེ་ཨོ་ཀྲུང་དབར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར་ཚོང་དོན་སོགས་ཀྱི་གནད་དོན་གལ་ཆེན་ཐད་མཉམ་ལས་དེ་བས་མང་བ་བྱེད་འདོད་ཡོད།

        ཏིང་ཤུའེ་ཞང་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་མཇལ་འཛོམས་ནང་ཞུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1