༄༅།།གནས་མཇལ་ཟིན་བྲིས།

གངས་འཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 11-23




༡.jpg

ཉིན་དང་པོའི་གནས་ཟིན་རིས།

མཎྡལ་མགྲོན་ཁང་ནས་དུས་ཚོད་ལྔ་པའི་སྟེང་ཡར་ལངས་པ་ཡིན། མལ་ས་དྲོ་ཞིང་འཇམ།  གཉིད་ཀྱི་ཕུན་ཚོགས་ལ་སླར་ཡང་ཁྲེང་ཞེན་གྱི་མདའ་མོ་དབང་མེད་དུ་ཤོར་ཀྱང་། དུས་ཚོད་ཀྱི་སྐྱ་རེངས་ནི་གནམ་མཐའ་ནས་དལ་གྱིས་མགུལ་བཞིན་འདུག གྲོགས་པོ་དང་ངེད་གཉིས་ཀྱིས་ཀྱང་ངོ་གདོང་སྟབས་བདེ་ཞིག་བཀྲུས་ནས་གཞི་མདོ་རུ་གླ་གཏོང་བསྒུག་དུ་སོང་བ་ཡིན། ཡུད་ཙམ་གྱིས་མིག་ལམ་དུ་གླ་འཁོར་སྔོ་རིལ་ཞིག་བསྡད་བྱུང་། ངས་གླ་གཏོང་པ་ལ་ཁྲིའུ་ཏུའི་ཤར་ཚིགས་སུ་འགྲོ་ཟེར་བ་ཡིན། མཁའ་དབྱིངས་སུ་བྱ་འཕུར་བ་ལྟར་སྐད་ཅིག་གིས་མེ་འཁོར་ས་ཚིགས་དེར་འབྱོར།  དུས་ཚོད་ཕྱེད་ཙམ་བསྒུག་རྗེས་ཞབས་ཞུ་པས་མེ་འཁོར་འཛིན་ཡིག་བསྡུ་ནས་མེ་འཁོར་དུ་རིམ་བཞིན་ཞུགས་དུ་བཅུག  དུས་ཚོད6.:30སྟེང་མེ་འཁོར་འགྲོ་འགོ་རྩོམ།  སྐར༢༠སོང་རྗེས་ཧྲིམ་ལུའུ་ཅིང་ཁྲམ་ཞེས་པའི་ས་ཚིགས་དེར་སླེབས། དེར་ཕར་འགྲོ་ཚུར་འོང་གི་མགྲོན་པོ་ཧ་ཅང་མང་པོ་འདུག  ས་ཚིགས་རྗེས་མ་ཏུའུ་ཧྲན་རེད། དེར་རུ་ཡང་མགྲོན་པོའི་འཚང་ཁ་རབ་ཏུ་རྒོད་ཅིང་། འུར་ཟིང་ཆེ་བའི་ས་ཚིགས་ཞིག་རེད། དེ་ནས་ཨོ་མེ་ཞེས་པ་དེ་རེད། ས་ཚིགས་དེར་མེ་འཁོར་ནང་གི་མགྲོན་པོ་མང་ཤོས་བབས་སོང་། ངེད་གཉིས་དང་གཞན་མགྲོན་པོ་ཁ་ཤས་ལས་མི་འདུག  ཡིད་མ་བདེ་ནས། ཞབས་ཞུ་པ་ལ་འདིར་་མེ་ཧྲན་ཞེས་པའི་ས་ཚིགས་དེ་མིན་ནམ་ཞེས་དྲིས་པ་ཡིན། ད་རུང་ས་ཚིགས་གཅིག་ཡོད་རེད་ཅེས་ལན་བཏབ་བྱུང་།  ས་ཚིགས་རྗེས་མར་བདེ་བླག་ངང་འབྱོར་རྗེས་འབུད་སྒོ་འཚོལ་ནས་ཕྱིར་རུ་སོང་བ་ཡིན། ལམ་འགྲམ་དུ། མགུལ་དུ་ཕྲེང་རིང་ཐོགས་ཤིང་། ལག་ཏུ་ཕྲེང་ཐུང་རེ་བསྣམས་པའི་ལོ་ཚོད་ཧ་ཅང་མི་མཐོ་ལ་མི་ཆུང་བའི་རྒྱ་མི་སྐོར་ཞིག་གིས་ཨོ་མེ་ཧྲན་གྱི་ས་ཆའི་ཆགས་དབྱིབས་དང་། ཐོག་དང་པོའི་བགྲོད་ལམ་སོགས་གསལ་བཤད་བྱེད་ཅིང་། དང་པོ་ཁྲི་ལོ་དགོན་པ་མཇལ་སྐོར་དུ་འགྲོ་དགོས་རབས་བཤད་བྱུང་།  ངས་དང་པོ་དྲིན་འཇལ་དགོན་པ་མཇལ་དུ་འགྲོ་ཡིན་ཅེས་བཤད་པ་ཡིན། དེས་ན་ཁོ་ཚོས་ཀྱང་ང་ལ་ཨུ་ཚུགས་མ་བྱས།  ས་ཚིགས་དེ་ནས་དྲིན་འཇལ་དགོན་པ་ཞེས་པའི་བར་གླ་གཏོང་དུ་བསྡད་པ་ཡིན།  མ་གཞི་སྤྱི་འཁོར་དུ་བསྡད་ན་སྒོར༢ཡིན་ཡང་། བྲེལ་ཚུབ་ཆེ་བ་དང་། བསྒུག་ཡུན་རིང་བས་གླ་གཏོང་པ་ལ་སྒོར༡༥སྟེར་ནས་སོང་བ་ཡིན།

དུས་ཚོད༨:༣༠ཐོག་དྲིན་འཇལ་དགོན་པ་ཞེས་པའི་མདུན་དུ་བསླེབས། དགོན་པ་དེའི་ལོ་རྒྱུས་ཤེས་འདོད་ཆེན་པོ་ཡོད་པས། སྒོ་དྲུང་དུ་རྒྱ་བླ་མ་ཞིག་འདུག དེ་ལ་དགོན་པ་འདི་ཐོག་མར་སློབ་དཔོན་སུས་ཕྱག་འདེབས་པ་རེད་ཅེས་དྲིས་པ་ཡིན། ཚིག་གསལ་ལ་མི་གསལ་བས་ལོ་ངོ་མང་པོ་ཞིག་གི་ཡར་སྔོན་ན་འདིའི་མིང་ལ་ཆོས་ཚོགས་ཁང་ཞེས་འབོད། དེའི་རྗེས་ཁང་ཞིའུ་དུས་སྐབས་སུ་འདི་ལ་དྲིན་འཇལ་དགོན་པ་ཞེས་མིང་བསྒྱུར་བ་རེད་བཤད་པ་ལས། སློབ་དཔོན་སུ་ཞིག་ཕྱག་འདེབས་པ་དང་ལོ་རྒྱུས་ཀྱི་འཕེལ་རིམ་སོགས་གང་ཡང་བཤད་མ་སོང་། ཕར་བལྟས་ན་ཕལ་ཆེར་ཁོས་ཀྱང་མི་ཤེས་པ་འདྲ།  དགོན་པ་འདི་ལ་ལྷ་ཁང་མི་འདྲ་བ་བཞི་ཙམ་འདུག དང་པོ་བྱམས་པའི་ལྷ་ཁང་རེད་འདུག རྟེན་གྱི་གཙོ་བོ། བྱམས་པའི་འཇིམ་སྐུ་ཆེན་པོ་སོགས་འདུག  དེའི་རྒྱབ་གཏད་དུ་རྦུད་ཐཱོ་ཐེན་ཞེས་པའི་སྲུང་མ་ཞིག་གི་སྐུ་བརྙན་འདུག དད་ལྡན་མང་པོའི་སྤོས་བསྒྲོན་པ་དང་། ཕྱག་འཚལ་བཞིན་འདུག ངེད་གཉིས་ཀྱིས་ཀྱང་བྱམས་པའི་སྐུ་མདུན་དུ་ཕྱག་འཚལ་ནས་གཡས་བསྐོར་བརྒྱབ་པ་ཡིན། དེའི་རྒྱབ་ལོགས་སུ་རྡོ་ཐེམ་ཞིག་འདུག གོམ་པ་བརྒྱབ་ནས་ཡར་ཅུང་ཙམ་འཛེག་དུས་ལྷ་ཁང་གཉིས་པ་སངས་རྒྱས་ཀྱི་ལྷ་ཁང་དེར་སླེབས། 

དེའི་སྒོ་དྲུང་ཀྱང་རྒྱ་བླ་མ་ཞིག་འདུག དེ་ལ་ཡང་དགོན་པ་འདི་ཕྱག་འདེབས་པའི་སློབ་དཔོན་སུ་ཡིན་དང་། འདི་ལ་གནས་ཡིག་འདྲ་ཡོད་དམ་ཞེས་དྲིས་པ་ཡིན། ཁོས་བཤད་རྒྱུར། དགོན་པ་འདི་ལ་དམིགས་གསལ་ཕྱག་འདེབས་པའི་སློབ་དཔོན་ཞིག་ཡོད་པ་མ་རེད། སྔར་ནས་ཏའོ་ལུགས་དང་རུའུ་ལུགས་སངས་རྒྱས་ཆོས་ལུགས་གསུམ་གྱི་ཆོས་པ་དག་འདུས་ནས་བཏབ་པ་རེད་ཅེས་དང་། འདྲི་རྩད་ཁང་དུ་གནས་ཡིག་རགས་བསྡུས་ཞིག་ཡོད་ཀྱང་། ད་སྐབས་འདྲི་རྩད་ཁང་སྒོ་གཏན་ཡོད་ཅེས་བཤད་བྱུང་། ལྷ་ཁང་དེར་རྟེན་གྱི་གཙོ་བོ། པད་འདབ་སྟེང་དུ་སངས་རྒྱས་ཀྱི་སྐུ་བརྙན་ཞིག་དང་། དེའི་གཡས་གཡོན་དུ་དགྲ་བཅོམ་བཅོ་བརྒྱད་སོགས་འདུག དེ་དག་མཇལ་ནས་ལྟག་སྒོ་ནས་རྡོ་སྐས་བརྒྱུད་ནས་སོང་བ་ཡིན།  ལྷ་ཁང་གསུམ་པ་སངས་རྒྱས་རབས་བདུན་པའི་ལྷ་ཁང་དེ་མཇལ་བྱུང་། ལྷ་ཁང་དེར་རྟེན་གྱི་གཙོ་བོ། སངས་རྒྱས་རབས་བདུན་པ་སྟེ། རྣམ་པར་གཟིགས་དང་། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག གསེར་ཐུབ། འོད་སྲུང་། ཤྭཀྱ་ཐུབ་པ་སྟེ་བདུན་འདུག  ཡང་སྔར་བཞིན་ལྟག་སྒོ་བརྒྱུད་ནས་ལྷ་ཁང་བཞི་པ་ཀུན་ཏུ་བཟང་པོའི་ལྷ་ཁང་དེར་སླེབས་སོང་། ལྷ་ཁང་དེར་རྟེན་གྱི་གཙོ་བོ། ཀུན་ཏུ་བཟང་པོ་སོགས་འདུག དེ་དག་མཇལ་ནས་སྨོན་ལམ་བཏབ་རྗེས་འབུད་སྒོ་ཞེས་པའི་རྒྱ་ཡིག་དེ་དེད་ནས་དགོན་པ་དེའི་ཕྱིར་རུ་བུད་པ་ཡིན། 

དེའི་ཉེ་འདབས་ན་གླང་ཆེན་འགྱིང་རིའི་དངོས་མང་གཤམ་སྟོན་ཁང་ཞིག་འདུག བརྩེགས་དང་པོར་འགྱུར་རྡོའི་རིགས་དང་།  རྩི་ཤིང་དང་། བྱ་རིགས་སོགས་ངོ་སྤྲོད་དང་།  བརྩེགས་གཉིས་པར་ནང་བསྟན་གྱི་ལོ་རྒྱུས་དང་། གཞན་ཡང་། སྙན་གྲགས་ཆེ་བའི་རི་མོ་དང་སྙན་ངག་སྐོར་མང་ཙམ་འདུག  ད་རུང་གླང་ཆེན་འགྱིང་རིའི་དགོན་པ་སུམ་བཅུ་ཙམ་གྱི་ལོ་རྒྱུས་འཕེལ་རིམ་སོགས་རགས་ཙམ་ཞིག་བྲིས་ནས་ཁང་ངོས་སུ་དགལ་འདུག དེའི་ནང་དུ། ་དྲིན་འཇལ་དགོན་པའི་ལོ་རྒྱུས་འདི་ལྟར་བྲིས་འདུག  མིང་རྒྱལ་རབས་ཀྱི་གོང་མ་ཝན་ནིས་དགུང་ལོ་བཞི་བཅུ་ཞེ་གསུམ་པའི་སྐབས་དེར་མུའུ་ཀུའུ་ཏའོ་རིན་ཞེས་པའི་མིས་གསར་དུ་བཞེངས་པ་རེད་ཅེས་བཤད་འདུག དེའི་སྐབས་སུ་དགོན་པ་འདི་མིང་ལ།  འམ་ཆོས་ཚོགས་ཁང་ཞེས་འབོད། ཆིང་རྒྱལ་རབས་སྐབས་བཙུན་པ་འུན་ཏཱ་ཞེས་པས་བསྐྱར་གསོ་བྱེད་པ་དང་། གོང་མ་ཁང་ཞིས་དགུང་གྲངས་བཞི་བཅུ་ཞེ་གཉིས་སྐབས་་དྲིན་འཇལ་དགོན་པ་ཞེས་མིང་བཏགས་པ་རེད་ཅེས་བཤད་འདུག གཤམ་སྟོན་ཁང་བརྩེགས་གོང་འོག་ཚང་མར་བལྟས་རྗེས་ཕྱིར་རུ་བུད་པ་ཡིན།  སྒོ་དྲུང་ནས་གསེད་ལམ་ཞིག་འདུག དེའི་ལམ་དེ་བརྒྱུད་ནས་སོང་ན་རྒྱ་སྟག་ཚང་ཉལ་དགོན་པར་སླེབས་འདུག   ང་ནི་ཚ་ངད་ཀྱིས་རབ་ཏུ་གདུང་ཞིང་། ངོ་གདོང་ནས་རྡུལ་ནག་ཞམ་ཞམ་དུ་འཕྱུར་བཞིན་འདུག གྲོགས་པོའི་བཤད་རྒྱུ་སྔོན་ཆད་རྒྱ་གར་དུ་བོད་མི་མང་ཙམ་སོང་ཡང་། ས་ཆུ་དང་གནམ་གཤིས་ཀྱི་དྲོ་གྲང་མ་འཕྲོད་ནས་ལ་ལ་ནི་ཕྱིར་ལོག་པ་དང་། ལ་ལ་སྐུ་སྲོག་ཤོར་བ་རེད། དེའི་ཚོའི་མཛད་སྤྱོད་ནི་ཇི་འདྲའི་ཡི་རངས་ཨང་ཟེར། ཁོས་ངོ་གདོང་ནས་རྔུལ་ནག་ཁྲོམ་ཁྲོམ་ཐོན་ཞིང་། དབུགས་ཀྱང་ཕྱིར་རུ་གཏོང་ཐུབ་ཀྱིན་མི་འདུག འོན་ཀྱང་འཁོར་ཡུག་གི་མཛེས་ལྗོངས་ནི་ཧ་ཅང་ཕུན་སུམ་ཚོགས་པ་ལྟ་བས་ཆོག་མི་ཤེས་པ་ཞིག་རེད། ལམ་གཡས་གཡོན་དུ་མཐོ་ཞིང་ཆེ་བའི་གནའ་བོའི་སྡོང་པོ་ཕལ་ཆེར་མི་རབས་ལྔ་དྲུག་གི་ཡས་མས་ན་བཙུགས་པ་འདྲ་བ་དག་འདུག ཡར་བལྟས་ན་རྩེ་མོ་དགུང་དུ་ཟུག་པ་ལྟར་སྣང་། ལོ་འདབ་གསེབ་ནས་ཉི་འོད་ཀྱི་ཟེར་མ་དག་འོད་ཆེམ་ཆེམ་འཁྱུག་ཅིང་། རྩི་ཤིང་འདྲ་མིན་གྱི་ཚང་ཚིང་འཁྲིགས་པ་དང་། བྱ་རིགས་སྣ་ཚོགས་ཀྱིས་སྙན་པའི་གྲེ་འགྱུར་ངོམ་བཞིན་འདུག ལུང་པ་དེར་ཚ་ངད་ཀྱིས་གདུང་བའི་གཞོན་ནུ་མང་པོ་ཚོམ་དང་ཚོམ་བུ་བྱས་ནས་ལུང་ཤུར་དེའི་ཆུ་ཡི་རེག་བྱ་ལ་ལོངས་སུ་སྤྱོད་བཞིན་པ་དང་། བགྲེས་པོ་ཁ་ཤས་སྡོང་རྒན་གྱི་འཁྲིས་སུ་བཅར་ནས་ཆུབ་རྐུབ་རེ་ལག་ཏུ་ཐོགས་ནས་བསིལ་གྲིབ་ལ་ལོངས་སུ་སྤྱོད་བཞིན་འདུག ངེད་གཉིས་མུ་མཐུད་ནས་དགོན་པ་དེར་མཇལ་དུ་སོང་བ་ཡིན། ཡུད་ཙམ་གྱིས་རྒྱ་སྟག་ཚང་ཉལ་དགོན་པ་དེར་སླེབས། དགོན་པ་འདི་ནི་སུང་རྒྱལ་རབས་སྐབས་བཙུན་པ་སྐྱའུ་ཡོའུ་ཞེས་པས་གསར་དུ་བཞེངས་ཤིང་། སྐབས་དེར་འབྲུག་ལྷ་དགོན་པ་ཞེས་གསོལ། རྗེས་སུ་རྒྱ་སྟག་ཚང་ཉལ་ལྷ་ཁང་ཞེས་འདོགས་པ་རེད།   ཅིའི་ཕྱིར་དགོན་འདི་ལ་རྒྱ་སྟག་ཚང་ཉལ་ལྷ་ཁང་ཞེས་མིང་འདོགས་ཞེ་ན། འདི་ལ་བཤད་ཡམས་ཁ་ཤས་འདུག  དགོན་པ་དེའི་ཉེ་འཁོར་ན་རྒྱ་སྟག་གིས་གནས་མཇལ་བ་ཚོར་འཚེ་བ་བྱེད་པས་བཙུན་པ་ཧྲི་སྐྱིན་གྱིས་གཟུངས་སྔགས་ཀྱི་རྒྱལ་མཚན་ལ་བརྟེན་ནས་གནོད་པ་དེ་བཟློག་པས་དགོན་འདིའི་མིང་ལ་སྟག་འདུལ་དགོན་པ་ཞེས་འདོགས་པ་དང་། བདེན་ཤོས་ནི་དགོན་དེའི་རྒྱབ་ཕྱོགས་ཀྱི་གནས་རིའི་ས་དབྱིབས་རྒྱ་སྟག་ཚང་ལ་ཉལ་བ་དང་འདྲ་བས་རྒྱ་སྟག་ཚང་ཉལ་དགོན་ཞེས་བཏགས་པ་དེ་ཡིན་པ་འདྲའོ།། རྗེས་སུ་བཙུན་མའི་དགོན་པ་ཞིག་ཏུ་གྱུར། ད་སྐབས་ཀྱང་སྒོ་དྲུང་དུ་བཙུན་མ་ཁ་ཤས་བསྡད་འདུག

རྟེན་གྱི་གཙོ་བོ། ལྷ་ཁང་དང་པོ་བྱམས་པའི་ལྷ་ཁང་རེད། དེའི་ནང་བྱམས་པའི་འཇིམ་སྐུ་ཆེན་པོ་ཞིག་དང་། དེའི་གཡས་གཡོན་དུ་རྒྱལ་ཆེན་རིགས་བཞིའི་སྐུ་བརྙན་དང་།  བྱམས་པའི་འཇིམ་སྐུའི་རྒྱབ་གཏད་དུ་རྦེད་ཐོ་ཞེས་པའི་སྲུང་མ་ཞིག་གི་འཇིམ་སྐུ་བཅས་དང་། ལྷ་ཁང་གཉིས་པ་ཀུན་ཏུ་བཟང་པོའི་ལྷ་ཁང་། དེའི་ནང་ཀུན་ཏུ་བཟང་པོའི་འཇིམ་སྐུ་དང་། འོད་དཔག་མེད་ཀྱི་སྐུ་བཅས་འདུག། ལྷ་ཁང་གསུམ་པ་སངས་རྒྱས་ཀྱི་ལྷ་ཁང་། དེའི་ནང་ཆོས་ལོངས་སྤྲུལ་གསུམ་དང་། འཇམ་པའི་དབྱངས་དང་། དགྲ་བཅོམ་བཅོ་བརྒྱད་དང་དགྲ་བཅོམ་ལྔ་བརྒྱ་སོགས་ཀྱི་སྐུ་བརྙན་བཅས་བཞུགས་སོ།།          


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1