༄༅། །གཙང་གསུམ་འབྱུང་ཡུལ་གྱི་གསའི་གྲངས་ཀ་1000ལས་བརྒལ་ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས་ཀྱིས་སྒྲིག་སྒྱུར་བྱས། སྤེལ་དུས། 11-29


        ཟླ11པའི་ཚེས19ཉིན་གྱི་དགོང་མོར། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་མིས་གྲོང་ཁྱེར་ནང་དུ་གསའ་ཞིག་རྒྱུ་བཞིན་པ་མཐོང་བ་ནས་པར་ལེན་མཁན་བསྟན་འཛིན་བསམ་འགྲུབ་དང་ལས་གྲོགས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་དུ་ཐག་ཉེ་ས་ནས་གསའ་ཞིག་པར་ལེན་བརྙན་ཕབ་བྱས་པ། དེ་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པས་རི་མགོ་ནས་སྐོར་ཞིབ་བྱེད་དུས་གསའ་རྒྱུ་བཞིན་པ་མཐོང་བ་སོགས་མང་བོ་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་ནང་དུ་ཐོན་པའི་གསའ་ཞིག པར་རིས་མཚོ་སྔོན་གསར་འགྱུར་དྲ་བ་ལས་དྲངས།

        གཙང་གསུམ་འབྱུང་ཡུལ་གྱི་རི་སྐྱེས་སྲོག་ཆགས་གསའ་ནི་ཉེ་བའི་ལོ་ཤས་ནས་བཟུང་། རྟག་པར་མཐོང་བཞིན་ཡོད་ཅིང་། བརྙན་མིག་ནང་གི་གསའ་ནི་རི་མགོ་ན་ལྷོད་གཡེང་ངང་ངལ་གསོ་བྱེད་བཞིན་ཡོད་པའམ་ཡང་ན་རྫ་བར་ནས་རྒྱུ་བཞིན་ཡོད་པ་རེད། གཙང་གསུམ་འབྱུང་ཡུལ་གྱི་ཕྱོགས་སྟོན་སྲོག་ཆགས་ཤིག་ཡིན་པའི་ཆ་ནས། གསའ་ལ་གཞིགས་ནས་ས་གནས་དེ་གའི་སྐྱེ་ཁམས་གནས་ཚུལ་ཅི་འདྲ་ཡིན་པ་ཤེས་ཐུབ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་དུ་ཐག་ཉེ་ས་ནས་པར་ལེན་བརྙན་ཕབ་བྱས་པའི་གསའ་ཞིག པར་རིས་ཀྲུང་དབྱང་བརྙན་འཕྲིན་དྲ་བ་ལས་དྲངས།

        དཔྱད་ཡིག་ལས་གསལ་བ་ལ་གཞིགས་ན། གཙང་གསུམ་འབྱུང་ཡུལ་གྱི་གསའི་གྲངས་ཀ1000ལས་བརྒལ་ཡོད་པ་དང་། དེ་ནི་འཛམ་གླིང་གི་ཆེས་གལ་ཆེ་བའི་གསའི་འཚོ་གནས་ས་ཆ་ཞིག་ཡིན། 2019ལོ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གསའ་དང་གསའི་འཚོ་གནས་ས་ཆའི་སྲུང་སྐྱོབ་རྣམ་གྲངས་དེ་སྔར་ཡོད་དམར་ཕྱིའི་པར་ཆས་ཀྱི་དྲ་མིག་ཅན་ལྟ་ཞིབ་ཚད་ལེན་མ་ལག་གི་རྨང་གཞིའི་ཐོག པར་ཆས250གསར་སྣོན་བྱས་པར་མ་ཟད། ད་དུང་ཚད་ཡོད་ཀྱི་དྲ་མིག་ཅན་ལ་གཞིགས་ནས་དམར་ཕྱིའི་པར་ཆས393སྒྲིག་འཇོག་བྱས་ཏེ་གསའི་རྗེས་ཤུལ་རྟོག་ཞིབ་དང་རིགས་རྒྱུད་རིག་པར་ཞིབ་འཇུག་སོགས་ཀྱི་བྱེད་ཐབས་ལ་གཞོགས་སྣོན་ཡང་བྱས་ཡོད། མ་ལག་འདི་ཡིས་གཙོ་བོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་རྣམ་སྲས་ཞང་དང་རྫ་ཆེན་ཞང་། འབྲི་སྟོད་རྫོང་གི་ཟོ་སྐྱ་ཞང་། ཆུ་དམར་ལེབ་རྫོང་གི་ཆུ་དམར་ཞང་། གཡུ་སྐེ་ཞང་། འབའ་དགོན་ཞང་སོགས་ཁྱོན་བསྡོམས་སྟོང་སྨི་གྲུ་བཞི་མ7500ཡོད་པའི་ཁྱབ་ཁོངས་ནང་གི་གསའི་འཚོ་གནས་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་གྱི་དབྱེ་ཞིབ་བྱེད་བཞིན་ཡོད་པ་དང་། དེའི་ནང་དུ་གསའི་རིགས་རྒྱུད་ཀྱི་གྲངས་ཀ་དང་སྟུག་ཚད། རིགས་ཁྱུའི་འགུལ་རྣམ་འགྱུར་ལྡོག་སོགས་འདུས་ཡོད།

སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པས་པར་ལེན་བྱས་པའི་གསའ་ཞིག པར་རིས་མི་དམངས་དྲ་བ་ལས་དྲངས།

        མིག་སྔར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གསའི་འཚོ་གནས་གནས་ཚུལ་ལ་ཐོག་མའི་དཔྱད་དཔོག་བྱས་པ་ལེགས་འགྲུབ་བྱུང་སྟེ་གསའ་ཁེར་རྐྱང་གི་དབྱེ་འབྱེད་ངོས་འཛིན་གྱི་དཔྱད་ཡིག་མཛོད་བཙུགས་པ་དང་། ཁྱོན་བསྡོམས་གསའ200ལ་མིང་བཏགས་ནས་རིགས་རྒྱུད་རིག་པའི་ཚོད་ལྟ་དབྱེ་ཞིབ་དང་དམར་ཕྱིའི་པར་ཆས་ཀྱི་དཔྱད་ཡིག གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་འགྱུར་གྲངས་དཔྱད་ཡིག་བཅས་ཟུང་འབྲེལ་བྱས་ཏེ་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་གསའ་ཡི་ལྟེ་བའི་འཚོ་གནས་ས་ཆ་དང་གསའ་སྲུང་སྐྱོབ་ཀྱི་དམིགས་བཀར་ཁུལ་གཙོ་བོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏུའུ་ལན་རྫོང་བཅས་སུ་གནས་པ་དབྱེ་འབྱེད་ངོས་འཛིན་བྱུང་ཡོད།

སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པས་པར་ལེན་བྱས་པའི་གསའ་ཞིག པར་རིས་མི་དམངས་དྲ་བ་ལས་དྲངས།

        མཚོ་སྔོན་ནི་གསའ་ཡི་འཚོ་གནས་ས་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། གཙོ་བོ་བྱང་རྒྱུད་ཀྱི་མདོ་ལ་རི་རྒྱུད་དང་བར་རྒྱུད་ཀྱི་ཁུ་ནུ་རི་རྒྱུད། ལྷོ་རྒྱུད་ཀྱི་གཙང་གསུམ་འབྱུང་ཡུལ་ས་ཁུལ་བཅས་སུ་ཡོད། ད་ཡོད་ཀྱི་གསའ་ལ་ཞིབ་འཇུག་བྱས་པའི་རྒྱུ་ཆར་གཞིགས་ཏེ་ཆེས་ཆེ་བའི་མ་དཔེ་སྔོན་དཔོག་བྱེད་པ་སྤྱད་ན། མཚོ་སྔོན་ཞིང་ཆེན་གྱི་གསའི་བག་ཉལ་འཚོ་གནས་ས་ཆའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི33.08ཡོད་པ་དང་། འཚོ་གནས་ས་ཆར་འཚམ་པའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི5.46ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1