ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། སྤེལ་དུས། 11-29


ཟླ11པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི་ལ་མཇལ་འཕྲད་གནང་། གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཧུའུ་རི་ལེ་སུའུ་ཧི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་དང་ཧུའུ་རི་ལེ་སུའུ་ཧི་དང་ལྕམ་མོ་པའོ་ལི་ཨར་ཚིག་ཚིག་ཀི་བཅས་ཀྱི་མཉམ་པར་རེད།

        ཟླ11པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི་ལ་མཇལ་འཕྲད་གནང་།

        ཞི་ཅིན་ཕིང་གིས་ཧུའུ་རི་ལེ་སུའུ་ཧི་རང་རྒྱལ་དུ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་རྗེས་བསྟན་དོན། ང་ཚོ་ཟླ་གཉིས་ཀྱི་རྗེས་སུ་སླར་ཡང་ཐུག་འཕྲད་བྱུང་བ་འདིའི་སྟེང་ནས་ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བའི་ཆུ་ཚད་མཐོ་བ་གང་ལེགས་སྒོས་མཚོན་ཡོད། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་པས། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀས་ཡུན་རིང་བརྟན་ལྷིང་གི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་ནི་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཀྲུང་གོས་མཛའ་བརྩེ་དང་ཟོལ་མེད། གཉིས་ཕན། གཉིས་རྒྱལ། དཀྱེལ་ཡངས་བཅས་ཀྱི་འདུ་ཤེས་དང་། ཁྱིམ་མཚེས་ལ་ཕན་འདོགས་པ་དང་ཁྱིམ་མཚེས་ཟླ་གྲོགས་སུ་འཛིན་པའི་མཐའ་སྐོར་ཕྱི་འབྲེལ་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་གཉིས་བར་མཛའ་མཐུན་ཡིད་ཆེས་དང་ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཡོང་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཕྱོགས་གཉིས་ཀས་མཉམ་དུ་ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་དར་སྤེལ་བཏང་ཡོད། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཏུ་ཕྱིན་ནས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགྲོ་འོང་དཔེ་མཚོན་བསྐྲུན་ཡོད།  བརྟན་པོ་མིན་པ་དང་ངེས་གཏན་མེད་པའི་ཆ་ཉིན་བཞིན་ཆེ་རུ་འགྲོ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་མདུན་དུ། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ཁྲིད་སྟོན་དུ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད་ཅེས་གསུངས།

        ཞི་ཅིན་ཕིང་གིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འབྲེལ་ཡོད་གནས་ཚུལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་ཆེན་པོ་ལྔ་ངོ་སྤྲོད་བྱས་རྗེས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། ཀྲུང་གོ་རང་ངོས་ཀྱི་དར་རྒྱས་དང་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱ་རྒྱུ་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཀྱིས་མཐའ་འཁོར་དང་ཐ་ན་འཛམ་གླིང་ལ་ཕན་འདོགས་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀས་མི་རིགས་བསྐྱར་དར་དང་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། མཉམ་འདྲེས་འཕེལ་རྒྱས་དང་ལས་སྐལ་གཅིག་མཐུན་གྱི་དཔེ་མཚོན་བསྐྲུན་ནས། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ཐུན་མོང་གི་སྟོབས་ཤུགས་འབུལ་དགོས་ཞེས་གསུངས།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་ཕན་ཚུན་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་རྒྱུ་དང་། རང་རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱས་ནས། ཕ་རོལ་བའི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་སྡེ་ཁག་སོ་སོ་དང་རིམ་པ་སོ་སོའི་བར་གྱི་གླེང་མོལ་མཉམ་ལས་དང་རྒྱལ་སྲིད་སྐྱོང་བའི་སྐོར་གྱི་བརྗེ་རེས་ལ་ཤུགས་སྣོན་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དང“རྩྭ་ཐང་ལམ་བུའི”གྲོས་གཞི། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་གཞི་དང་མོང་གོལ་རྒྱལ་ཁབ་ཀྱི“བསྐྱར་དར་གསར་པའི་སྲིད་ཇུས”། ཀྲུང་གོའི“གོམ་སྟབས་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་དམིགས་འབེན་དང་མོང་གོལ་ཕྱོགས་ཀྱི“2050ལོའི་རྒྱང་རིང་གི་ཕུགས་འདུན”ཀྱི་ཡུན་རིང་འཕེལ་རྒྱས་སྲིད་ཇུས་བཅས་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ། སྒུལ་ཤུགས་ཆེན་པོ་གསུམ་བརྒྱུད་པ་ཡིན་ན། གཞི་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་བར་གྱི་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས་གཏེར་ལས། ཕན་ཚུན་སྦྲེལ་མཐུད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། ཆ་འཕྲིན་ལག་རྩལ་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀའི་གཙོ་གཉེར་སྡེ་ཁག་གིས་མུ་མཐུད་དུ་འབྲེལ་མཐུད་དམ་ཟབ་བྱས་ནས། མཉམ་འབྲེལ་མཉམ་ལས་ཀྱི་བགྲོད་ལམ་གསར་པ་གང་མགྱོགས་ཀྱིས་བསྐྲུན་ཏེ། ཀྲུང་གོ་དང་མོང་གོལ། ཨུ་རུ་སི་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་རྒྱུ་དང་། ཀྲུང་གོ་དང་ཨུ་རུ་སིའི་རང་བྱུང་སོལ་རླངས་སྦུག་ལམ་གྱིས་ས་ཁོངས་བརྒལ་ནས་མོང་གོལ་རྒྱལ་ཁབ་ཏུ་ལས་གཞི་བཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་ཀྱིས“སྡོང་ཕྲུག་ཐེར་འབུམ་གཅིག་འདེབས་པའི”འཆར་གཞིར་བསྔགས་བརྗོད་བྱེད་ཀྱིན་ཡོད་ཅིང་། མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་ཐང་རྒོད་ཅན་འགོག་བཅོས་མཉམ་ལས་ལྟེ་གནས་འཛུགས་རྒྱུར་གྲོས་སྡུར་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་ད་དུང་ཁྲིམས་འཛུགས་ལས་ཁུངས་དང་སྲིད་གཞུང་། སྲིད་ཏང་། ས་གནས་སོགས་ཀྱི་སྡེ་ཁག་དང་ཚན་རྩལ། སློབ་གསོ། འཕྲོད་བསྟེན། ཡུལ་སྐོར། སྨྱན་སྦྱོར། ན་གཞོན། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུར་རོགས་རམ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་ཐོབ་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་གྱི་ལོ་ཆུང་གཞོན་ནུའི་ལུས་རྩལ་ལྟེ་གནས་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་གྱི་མཚོན་རྟགས་གསར་པ་བསྐྲུན་འདོད་ཡོད་ཅེས་གསུངས།

        ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཐུན་མོང་གི་ཁེ་ཕན་རྒྱ་ཆེར་ལྡན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་ལ་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མར་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། དཔུང་ཁག་གི་འགྲན་རྒོལ་ལ་བཀག་འགོག་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྲུང་སྐྱོབ་བཅས་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

        ཧུའུ་རི་ལེ་སུའུ་ཧི་ཡིས་བསྟན་དོན། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པར་ངས་སླར་ཡང་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་བྱས་པར་མོང་གོལ་ཕྱོགས་ཀྱིས་དགའ་མོས་བྱེད་ཀྱིན་ཡོད། མོང་གོལ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ། དུས་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པར་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོའང་ཡིན། པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་མཉམ་དུ་ཁ་གཏད་འཇལ་བ་དང་། ཕྱོགས་གཉིས་ཀས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་ནས། དཀའ་སྡུག་གི་ཁྲོད་ནས་ཟོལ་མེད་ཀྱི་བརྩེ་སེམས་མངོན་ཡོད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཀྱི་འགྲོ་འོང་དམ་ཟབ་བྱས་ནས་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་གཉིས་ཀས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱེད་པ། མོང་གོལ་དང་ཀྲུང་གོའི་བར་གྱི་ངར་ལྕགས་ལྟ་བུའི་མཛའ་མཐུན་ཇེ་ཟབ་ཏུ་གཏོང་འདོད་ཡོད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་སྲིད་ཇུས་དེར་འགྱུར་ལྡོག་གཏོང་མི་སྲིད། ཀྲུང་གོ་ནི་ཞི་བདེར་དགའ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། ལོ་རྒྱུས་ཀྱི་སྟེང་ནས་རྒྱལ་ཁབ་གཞན་དག་ལ་བཙན་འཛུལ་གཏན་ནས་བྱས་མ་མྱོང་བར་མ་ཟད། རྒྱལ་ཁབ་གཞན་དག་འཕེལ་རྒྱས་གཏོང་བར་སྙིང་ཐག་པ་ནས་རོགས་རམ་བྱས་མྱོང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་གཞི་དང་འཛམ་གླིང་བདེ་འཇགས་ཀྱི་གྲོས་གཞི་དེ་མིའི་རིགས་ཀྱི་ཞི་བདེ་འཕེལ་རྒྱས་དང་འབྲེལ་བ་ཡོད་པས། མོང་གོལ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ཏེ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། གཏེར་ཁའི་ནུས་ཁུངས། རྨང་གཞིའི་སྒྲིག་ཆས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ལྗང་མདོག་འཕེལ་རྒྱས། ཐང་རྒོད་ཅན་འགོག་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་མོང་གོལ། ཨུ་རུ་སི་བཅས་ཀྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་ལ་གཏིང་ཟབ་པའི་འགྱུར་ལྡོག་འགྲོ་བཞིན་ཡོད་པར་བརྟེན། ང་ཚོས་ཨེ་ཤ་ཡའི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ། ཨེ་ཤ་ཡའི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་ཆེད་བྱས་རྗེས་གང་ལེགས་བཞག་པར་ཚད་མཐོའི་གདེང་འཇོག་བྱས་པ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་བསྣན་ནས། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་ཆེད་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།

        ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོང་གོལ་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ནང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ཞེས་པ་དངོས་སུ་སྤེལ་ནས། ལག་གདང་སྦྲེལ་ནས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞི་བདེ་མཉམ་གནས་དང་ཕན་ཚུན་རོགས་རེས། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་རྒྱུའི་ཕྱོགས་སུ་འབད་བརྩོན་བྱ་རྒྱུར་མོས་མཐུན་བྱུང་།

        གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། འགག་སྒོ། ཐང་རྒོད་ཅན་བཅོས་སྐྱོང་སོགས་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་བྱས།

        གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཧུའུ་རི་ལེ་སུའུ་ཧི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། གནམ་བདེ་སྒོ་མོའི་ཐང་ཆེན་དུ་མེ་སྒྱོགས་ཉེར་གཅིག་བརྒྱབ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་ནས། མཉམ་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།

        གྲོས་མོལ་གྲོལ་རྗེས་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ཧུའུ་རི་ལེ་སུའུ་ཧི་དང་ལྕམ་མོ་པའོ་ལི་ཨར་ཚིག་ཚིག་ཀི་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བསྡུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1