སྡེ་དམངས་ཕྱུག་ལ་ཐོན་ལས་དར་ཞིང་གསོན་ཤུགས་རྒྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 12-02




        དགུན་ཟླ་དང་པོའི་མཛོད་དགེའི་རྩྭ་ཐང་དུ་གྲང་ངར་གྱི་ཚོར་སྣང་ཅུང་ཆེ།  ནམ་ཟླ་གྲང་རུང་མཛོད་དགེ་རྫོང་ཨ་སྐྱིད་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་ཞིང་ཁར་སྟོན་སྡུད་ཀྱི་འདུ་འཛིས་ཁེངས།  ཉིན་ཤས་རིང་ས་གནས་ཀྱི་མཚོ་བོད་མཐོ་སྒང་ལྕུམ་རྩ་སྡུད་པའི་དུས་ཚིགས་ཤར་བ་དང་བསྟུན།  སྡེ་དམངས་རྣམས་ཀྱིས་དུས་ཡུན་དམ་འཛིན་གྱིས་རང་ཁྱིམ་གྱི་ལྕུམ་རྩ་བསྡུས་ཏེ་ཉི་མར་སྐེམ་བཞིན་པས།  ཡུལ་དངོས་སུ་ལས་བྲེལ་གྱི་རྣམ་པས་ཁེངས།




        སྡེ་མི་ཡོངས་ཀྱི་ལས་བགོས་གསལ་ཞིང་གོ་རིམ་ལྡན་པས།  ཕོ་རྨོ་མོ་འཐག་གི་ངལ་རྩོལ་རྣམ་པ་མངོན་ལ།  དྲོ་སྐྱིད་ལྡན་ཞིང་འཆམ་འགྲིག་ལྡན། ཚང་མས་ལྕུམ་རྩ་སྤུངས་གསོག་ཁྲོད་ས་གཞི་ཆེན་མོས་ཕུལ་བའི་ལེགས་སྐྱེས་ལེགས་པར་སྡུད་བཞིན་ཡོད།  ཏེང་ཞའོ་དབྱིན་ནི་ལྕུམ་རྩ་སྡུད་མཁན་ལེགས་པོ་ཞིག་སྟེ།  མོའི་སྤྱང་གྲུང་ལྡན་ལ་དགོད་བྲོའི་གཏམ་གྱིས་ཚང་མར་གད་མོ་སློང་།  མོས་བཤད་རྒྱུར།  ལྕུམ་རྩ་ནི་ང་ཚོའི་ས་ཞིང་དུ་སྐྱེས་པའི་བྱིས་པ་སྙིང་ལ་རྗེ་བོ་ཡིན།  ཟླ་ཁ་ཤས་འདིའི་རིང་ནི་ང་ཚོའི་སྡེ་བར་མཚོན་ན་ལས་བྲེལ་ཆེ་ཤོས་ཀྱི་དུས་སྐབས་ཡིན་ལ།  ལོ་ལེགས་སྡུད་པའི་དུས་ཚིགས་ཀྱང་ཡིན་པས།  ང་ཚོས་ཚན་ཁག་བགོས་ཏེ་ཚང་མས་མཉམ་དུ་ལས་ཀ་ལས་ནས།  ངལ་རྩོལ་དགོད་གཏམ་གྱིས་བསྐྱལ་ན། ཤིན་ཏུ་སྐྱིད་ཟེར།

མཛོད་དགེ་རྫོང་ཨ་སྐྱིད་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་སྡེ་དམངས།  ཏེང་ཞའོ་དབྱིན།  

        ལོ་རེའི་ཟླ་དགུ་པར་ང་ཚོས་ལྕུམ་རྩ་སྡུད་འགོ་རྩོམ་ལ།  ང་ཚོ་མཐུན་སྒྲིལ་སྡེ་བའི་ལོ་ལེགས་མཛོད་དུ་སྡུད་པའི་དུས་ཚིགས་ཀྱང་ཡིན་པས།  ང་ཚོས་ཁྱིམ་ཚང་20ཚན་ཁག་གཉིས་སུ་བགོས་ཤིང་།  ཚན་ཁག་གཅིག་ལ་ཁྱིམ་ཚང་10རེ་ཡོད་ལ་ཁྱིམ་ཚང་རེར་མི་གཉིས་རེ་ཡོང་སྟེ།  ཕོ་མོ་མཉམ་འབྲེལ་གྱིས་ངལ་རྩོལ་བྱེད།  ང་ཚོའི་ལས་བགོས་གསལ་བས།  བུད་མེད་དག་མཉམ་དུ་བསྒྲིགས་ན་དགོད་གཏམ་གྱིས་ངལ་རྩོལ་བྱེད།  འབད་པ་བྱས་ན་འབྲས་བུ་ཡོད་ངེས།  ལྕུམ་རྩ་ལ་ལོ་ལེགས་བྱུང་བས། ང་ཚོ་ཆེས་དགའ་བའི་དུས་ཀྱང་ཡིན།

        ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་རང་བྱུང་གི་ཆ་རྐྱེན་བཟང་བོ་དང་སྐྱེ་ཁམས་ལེགས་པོར་བརྟེན་ཏེ།  ཞིང་ལས་ཀྱི་སྒྲིག་གཞི་སྙོམས་སྒྲིག་དང་ལེགས་སྒྱུར་ལམ་ནས།  ཡུལ་བབ་ལྟར་ཚན་རིག་དང་མཐུན་པར་འཆར་འགོད་བྱས་ཏེ།  ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་དར་སྤེལ་སྒོས།  ཀྲི་པུའུ་དང་མཉམ་ལས་ཁང་།  ཀུང་སི་དང་ཞིང་དུད་བཅས་མཉམ་འབྲེལ་རྣམ་པས།  ཨ་སྐྱིད་རོང་མཚོ་བོད་མཐོ་སྒང་ལྕུམ་རྩའི་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་དང་ལས་སྣོན་ཞིབ་ཚགས།  ཐོན་ལས་ཅན་གྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བརྟན་པོར་གནང་བས།  ལྕུམ་རྩ་འདེབས་འཛུགས་ནི་ས་གནས་དེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་འཕར་ཕྱུག་འགྱུར་གྱི་ཐོན་ལས་གསར་བར་གྱུར།  2008ལོར་ཨ་སྐྱིད་གྲོང་རྡལ་མཐུན་སྒྲིལ་སྡེ་བས་ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་ལེགས་པར་སྤྱད་དེ།  མཚོ་བོད་མཐོ་སྒང་ལྕུམ་རྩ་སྤུས་ལེགས་ཅན་ནང་འདྲེན་གྱིས་ཚོད་ལྟ་བྱས།  སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིས་སྣེ་ཁྲིད་དེ་ཚོད་ལྟའི་འདེབས་འཛུགས་བྱས་ཤིང་། གཞི་རིམ་ཏང་འཛུགས་སྐྱོང་གི་སྟོབས་ཤུགས་ཀྱིས་མི་སེར་གྱི་ཡོང་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས།  འདེབས་འཛུགས་རྒྱ་ཁྱོན་ལོ་རེ་བཞིན་རྒྱ་བསྐྱེད་ཅིང་ཐོན་ཚད་རྒྱུན་མི་ཆད་པར་ཇེ་ཆེར་འགྲོ་བ་དང་བསྟུན།  2010ལོར་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག  །མཐུན་སྒྲིལ་སྡེ་བས་འདེབས་འཛུགས་མཉམ་ལས་ཁང་བཙུགས་ཏེ།  ལྕུམ་རྩའི་ལས་སྣོན་རགས་པའི་བཟོ་གྲྭ་བསྐྲུན་པས།  གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་འཕྲུལ་ཆས་ཅན་གྱི་རྐོ་སྡུད་མངོན་དུ་གྱུར།  དེ་དང་མཉམ་དུ་ཆེད་ལས་མཉམ་ལས་ཁང་དང་ཉོ་སྒྲུབ་ཚོང་བའི་བར་ཡུན་རིང་གི་ཕྱིར་འཚོང་གན་རྒྱ་བཞག་སྟེ།  ལྕུམ་རྩའི་ཕྱིར་འཚོང་བརྟན་པོ་འགན་བླངས།




        རྒྱུས་ལོན་པ་ལྟར་ན།  ལྕུམ་རྩའི་སྐྱེ་འཚར་འཁོར་ཡུན་ནི་ལོ་5ཡས་མས་ཡིན།  ལྕུམ་རྩ་སྨིན་རྗེས་མུའུ་རེའི་ཐོན་ཚད་ཏུན་3ནས་4བར་ཡིན། དེའི་ཐོན་རྫས་རིན་ཐང་ནི་སྲོལ་རྒྱུན་གྱི་ལོ་ཏོག་འདེབས་འཛུགས་ཀྱི་དཔལ་འབྱོར་ཕན་འབྲས་ལས་ལྡབ་5ཡན་ཟིན། ཐོན་ལས་འཕེལ་རྒྱས་བྱུང་བས། སྡེ་དམངས་རྣམས་ལ་ཡོང་འབབ་བརྟན་པོ་ཡོད་པར་མ་ཟད།  དགའ་དགའ་སྤྲོ་སྤྲོའི་ངང་ནས་ངལ་རྩོལ་བྱེད་ཐུབ། ལུའུ་ཅན་ནི་མཐུན་སྒྲིལ་སྡེ་བའི་མི་ཡིན། ཁོས་གསར་འགོད་པར་བཤད་རྒྱུར།  ཁོ་ཚང་ལ་ས་ཞིང་མུའུ་ལྔ་བཅུ་ལྷག་ཡོད་ལ་ཚང་མར་ལྕུམ་རྩ་བཏབ་ཡོད། ད་ལོར་མུའུ་10སྡུད་རྩིས་ཡོད་ལ།  ཚོད་དཔག་ལྟར་ན་ཡོང་འབབ་སྒོར་ཁྲི་བཅུ་ཡས་མས་ཡོད་ཟེར།


མཛོད་དགེ་རྫོང་ཨ་སྐྱིད་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་སྡེ་དམངས།  ལུའུ་ཅན།  

        ལོ་འདི་འགར་ང་ཚོ་ཚང་མས་ལྕུམ་རྩ་བཏབ་པས་ཡོང་འབབ་བཟང་།  ངེད་ཚང་ལ་ས་ཞིང་མུའུ་ལྔ་བཅུ་ལྷག་ཡོད་དེ།  ལོ་ལྔར་རྐོ་སྡུད་ཐེངས་རེ་བྱེད་བཞིན་པས།  ན་ནིང་མུའུ་བཅུ་ཁ་བསྡུས་ཟིན། ད་ལོར་ཚོད་དཔག་ལྟར་ན་མུའུ་བཅུ་སྡུད་རྩིས་ཡོད་པས།  མུའུ་རེ་ལ་སྒོར་ཁྲི་གཅིག་ཡས་མས་ཀྱི་ཡོང་འབབ་ཡོད་པས།  ད་ལོའི་འགྲོ་སོང་ཕུད།  ཡོང་འབབ་གཙང་མ་སྒོར་ཁྲི་བཅུ་ཡོད་སྲིད།

        དབུལ་བོ་དབུལ་རྐྱང་ནས་སྡེ་སྟོབས་དམངས་ཕྱུག་གི་བར། མཐུན་སྒྲིལ་སྡེ་བ་ནི་ལོ་རེ་ནས་ལོ་རེར་མི་འདྲ་བ་དང་།  ལོ་བཅུ་རེར་འགྱུར་ལྡོག་ཆེན་པོ་བྱུང་།  ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་ཐོན་ལས་ལ་བརྟེན་ཏེ།  སྡེ་དམངས་རྣམས་ལས་ལ་བརྩོན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པས།  ཀུན་ལ་གྲགས་པའི་བདེ་སྐྱིད་གྲོང་སྡེར་གྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1