༄༅།།ལྷོ་ཁའི་གནའ་ཤུལ་གྲགས་ཅན་ཁག་གཅིག།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སེམས་ཀྱི་ཉི་ཟླའི་དྲ་བ་ལས་དྲངས། སྤེལ་དུས། 12-02


                                                                                        ཕོ་བྲང་ཡུམ་བུ་བླ་སྒང་།

        ཕོ་བྲང་ཡུམ་བུ་བླ་སྒང་ནི་ལྷོ་ཁའི་རྩེད་ཐང་གྲོང་རྡལ་ནས་ཁྲ་འབྲུག་བརྒྱུད་ན་སྣེ་གདོང་རྫོང་གི་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཏུ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་ཏོག་ལྟ་བུར་གནས་ཡོད། དེ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པའི་བོད་ཀྱི་ལོ་རྒྱུས་སྟེང་གི་ཕོ་བྲང་ཆེས་སྔ་ཤོས་ཡིན་ལ། ད་བར་དུ་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་མཆིས། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་བར་གྱི་བཙན་པོ་རིམ་བྱོན་རྣམས་བཞུགས་སའི་ཕོ་བྲང་ཡིན་སྟབས་ལོ་རྒྱུས་ཀྱི་གནས་རྙིང་གྲགས་ཅན་ཞིག་ཡིན།  དེ་ཡང་ཤ་བ་ཡུ་མོའི་བརླ་འདྲ་བའི་རི་སྟེང་དུ་བཏབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མིང་དུ་གྲུབ་སྐད་ཀྱང་ཕྱིས་ཡིག་རྒྱུན་དུ་ཡུམ་བུ་བླ་སྒང་ཞེས་འབྲི་རྒྱུན་དར་རོ།

                                                                                       བསམ་ཡས་གཙུག་ལག་ཁང་།

        བསམ་ཡས་གཙུག་ལག་ཁང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁོངས་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རི་འདབས་ཤིག་ན་གནས་ཤིང་། བསམ་ཡས་གཙུག་ལག་ཁང་གི་རྒྱས་མིང་དུ་དཔལ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ཞུ། དེ་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས་གསུམ་གྱིས་བཞེངས་སུ་བཅུག་པར་གྲགས་ཤིང་། ནང་པ་སངས་རྒྱས་པའི་ལྟ་བ་བཞིན་གླིང་བཞི་རི་རབ་ཉི་ཟླ་སུམ་ཅུ་རྩ་གསུམ་གྱི་བཀོད་པ་བཞིན་བཞེངས། དེ་བཞེངས་ནས་བློན་འབངས་ཀྱི་བུ་བློ་རྣོ་བ་སད་མི་བདུན་རབ་ཏུ་བྱུང་བས་གཙུག་ལག་ཁང་དེ་ཉིད་རིམ་བཞིན་སངས་རྒྱས་དང་ཆོས་དགེ་འདུན་གསུམ་འཛོམས་སུ་གྱུར་པ་རེད།

        གཙུག་ལག་ཁང་འདི་ཆོས་འཁོར་གསུམ་གྱི་ཡ་གྱལ། བསྟན་པ་སྔ་དར་ལ་དམ་པའི་ཆོས་དར་ཡུལ། རྒྱ་གར་གྱི་ལོ་པཎ་དུ་མ་བྱོན་ཏེ་དམ་པའི་ཆོས་མང་པོ་བསྒྱུར་བའི་གནས་མཆོག་གཞི་རྒྱ་ཆེ་ལ་འཕང་མཐོ་བ། རྒྱུ་བཟང་ལ་བཀོད་པ་ལེགས་པ་བཅས་སྙན་གྲགས་ཆེ་བ་ཞིག་ཡིན་ནོ།

                                                                                     ལྷོ་བྲག་སྲས་མཁར་དགུ་ཐོག

        སྲས་མཁར་དགུ་ཐོག་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ཁོངས་ཀྱི་སྲས་བྱ་བའི་ཡུལ་ཚོར་མངའ་ཞིང་། དེ་ནི་སྤྱི་ལོ1080ཡས་མས་སུ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་མཁན་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་སྲས་རྗེ་བཙུན་མི་ལ་རས་པས་བཞེངས་པའི་ཁྱད་དུ་འཕགས་པའི་མཁར་རྙིང་ཞིག་ཡིན། རྗེ་བཙུན་མི་ལ་རས་པས་སྡིག་སྦྱོང་བྱེད་པའི་ཆེད་དུ་ཆོས་བྱེད་པར་ལྷོ་བྲག་ཏུ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་མཇལ། ཡིན་ན་ཡང་། བླ་མ་མར་པས་ཆོས་གསུང་རྒྱུ་ཞལ་གྱིས་མ་བཞེས་པར་སྒྲིབ་སྦྱོང་གི་ཆེད་དུ་ལོ་དྲུག་དང་ཟླ་དྲུག་རིང་དུ་སྲས་དར་མ་མདོ་སྡེའི་སྐུ་མཁར་བརྩིགས་པ་སོགས་ཀྱི་ལས་ཀ་མང་པོ་བྱེད་དུ་བཅུག་ཀྱང་། མི་ལ་རས་པས་སྒྲུབ་པར་དཀའ་བའི་མཁར་ལས་རྣམས་བསྒྲུབས་པ་དང་བཟོད་པར་དཀའ་བའི་ཉམས་སད་རྣམས་ཐེག་པར་བྱས་མཐར་མཆོག་གི་དངོས་གྲུབ་ཐོབ། སྲས་མཁར་དགུ་ཐོག་ནི་རྒྱབ་བྲག་རི་ལ་བརྟེན་ནས་གནའ་མཁར་གྱི་རྣམ་པ་ལྟར་བཞེངས་ཡོད་ལ། དུས་རབས16པའི་དུས་འགོར་དཔའ་བོ་གཙུག་ལག་ཕྲེང་བས་དགེ་འདུན་གྱི་སྡེ་ཆེན་པོ་བཙུགས་ཤིང་། རྗེས་སུ་རྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་ཞིག་གསོ་དང་། སྤྱི་ལོ1944ལ་བསམ་གྲུབ་དགོན་གྱི་དགོན་བདག་བླ་མས་ཞིག་གསོ་བྱས་ནས་རྒྱ་བསྐྱེད་པ་རེད།   །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1