བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་པེ་ཅིང་དུ་གདན་འདྲེན་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-02


        རང་རེའི་ཏང་དང་རང་རེའི་དམག་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀུན་གྱིས་ཁས་ལེན་ཞུ་ཞིང་། བླ་མེད་སྙན་གྲགས་ལྡན་པའི་འགོ་ཁྲིད་པ་ཁྱད་འཕགས་ཅན། རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཚོད་བགམ་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཏང་གི་མི་རབས་གསུམ་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྲོག་ཤིང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་གསར་གཏོད་པ་གཙོ་བོ་བཅས་ཡིན་པའི་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་སྤྱི་ཟླ་12པའི་ཚེས་1ཉིན་ཧྲང་ཧའེ་ནས་ཆེད་གཏོང་གནམ་གྲུས་པེ་ཅིང་དུ་གདན་འདྲེན་ཞུས་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་།  ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཏིང་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་པེ་ཅིང་གནམ་ཐང་ནུབ་མར་སྐུ་གདུང་བསུ་མར་བཅར་བ་མ་ཟད། བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེར་ཐུགས་གསོའི་འཚམས་འདྲི་ཞུས་པ་རེད། ཚའེ་ཆི་དང་འདས་མཆོད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་འབྲེལ་ཡོད་བློ་མཐུན། བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེ་བཅས་ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ཧྲང་ཧའེ་ནས་པེ་ཅིང་དུ་སྲུང་སྐྱེལ་ཞུས་པ་རེད།

        པེ་ཅིང་གནམ་ཐང་ནུབ་མའི་རྒྱལ་དར་ཕྱེད་ཀ་ཕབ་ཡོད་ཅིང་། དེ་གའི་རྣམ་པ་བསྒམ་བརླིང་དང་ལྡན་པ་ཞིག་ཡོད། གཞི་ནག་པོའི་ཐོག་ཡི་གེ་དཀར་པོས། བློ་མཐུན་ཅང་ཙེ་རྨིན་ཇི་སྲིད་བར་མི་ནུབ་པར་གྱུར་ཅིག་ཅེས་པ་དང་། བློ་མཐུན་ཅང་ཙེ་རྨིན་དུས་ནམ་ཡང་ང་ཚོའི་སེམས་ནང་གནས་ཞེས་བྲིས་ཡོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལེ་ཡོན་སོགས་ནས་བྲང་ཁར་མེ་ཏོག་དཀར་པོ་དང་ཕྲག་པར་མྱང་རས་བཏགས་ཡོད་ཅིང་། བཞིན་གྱི་རྣམ་འགྱུར་བསྒམ་ནན་ངང་གནམ་གྲུ་བབ་སར་ཕྱོགས་ནས་བཞེངས་བཞུགས་ཡོད།

        ཆུ་ཚོད་15དང་སྐར་མ་55ཡི་ཐོག བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་བཞུགས་པའི་ཆེད་གཏོང་གནམ་གྲུ་ག་ལེར་བབས་པ་དང་། དལ་བུར་གྲགས་པའི་མྱ་ངན་རོལ་དབྱངས་ཁྲོད། གུས་དམག་12ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་བཞུགས་སུ་གསོལ་བའི་གདུང་སྒམ་བཀྱགས་ནས་ག་ལེར་ཆེད་གཏོང་གནམ་གྲུ་ལས་བབས་ཤིང་། སྐུ་གདུང་ཕེབས་བསུ་ཞུ་མཁན་རུ་ཁག་གི་མདུན་དུ་གདན་འདྲེན་ཞུས།  ཞི་ཅིན་ཕིང་སོགས་ནས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ལ་གུས་འདུད་ལན་གསུམ་ཞུས་པ་དང་། གདུང་སྐྱེལ་རླངས་འཁོར་བར་དུ་སྤྱན་སྐྱེལ་ཞུས། དེ་རྗེས་འདས་མཆོད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཁོངས་མི་དང་བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེ་སྐུ་གདུང་འཇོག་གནས་བར་སྲུང་སྐྱེལ་ཞུ་བར་བཅར།

        ཉིན་དེའི་ཉིན་དགུང་ཆུ་ཚོད་12དང་སྐར་མ་10ཡི་ཐོག གདུང་འདྲེན་མཛད་སྒོ་ཧྲང་ཧའེ་ཧྭ་ཏུང་སྨན་ཁང་གི་ཞལ་གྱེས་ཁང་དུ་གཉེར། འདས་མཆོད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཁོངས་མི་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེ་དང་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ། སྨན་དོན་མི་སྣ་སོགས་ནས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ལ་ཕེབས་སྐྱེལ་ཞུས་པ་མ་ཟད། ཧྲང་ཧའེ་ཧུང་ཆའོ་གནམ་ཐང་བར་དུ་གདུང་སྒམ་ལ་སྐྱེལ་མ་ཞུས། ཧྲང་ཧའེ་ཡི་ལས་རིགས་ཁག་གི་མང་ཚོགས་ཀྱིས་ལམ་བར་ནས་སྐྱེལ་མ་ཞུས་པ་རེད།

        པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཀྱང་པེ་ཅིང་གནམ་ཐང་ནུབ་མར་སྐུ་གདུང་ལ་བསུ་མ་ཞུ་བར་བཅར་ཡོད།

        བློ་མཐུན་ཅང་ཙེ་རྨིན་ནི་སྤྱི་ཟླ་11པའི་ཚེས་30ཉིན་ཧྲང་ཧའེ་རུ་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་96ལ་ཕེབས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1