རྟའུ་རྫོང་དུ་ཞོག་ཁོག་ལ་ཐོན་ལེགས་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-05


རྟའུ་རྫོང་དུ་ཞོག་ཁོག་ལ་ཐོན་ལེགས་བྱུང་།

        རྟའུ་རྫོང་སྦར་ཞབས་གྲོང་རྡལ་རི་བ་གྲོང་སྡེའི་ཞིང་ནང་དུ་ཞིང་སྤྱོད་འཕྲུལ་ཆས་ཆེ་གྲས་ཤིག་གིས་ཞོག་ཁོག་རྐོ་བཞིན་འདུག།འདི་ནི་ཉེ་ཆར་སྨྱུག་འཛིན་པ་རི་བ་གྲོང་སྡེ་རུ་སྐྱོད་སྐབས་མིག་ལམ་དུ་མཐོང་བའི་རྣམ་པ་ཞིག་རེད། ད་ལོར་ཞོག་ཁོག་སྨུག་པོའི་ཐོན་ཚད་བཟང་བས་ཞོག་ཁོག་ཆེ་ཆུང་རིགས་བགོ་བྱེད་བཞིན་པའི་ཞིང་པ་ཚོའི་གདོང་ལ་རེ་བས་འཛུམ་མདངས་འཕྱུར་བཞིན་དུ་ཁུག་མར་བླུགས་པའི་ཞོག་ཁོག་རྣམས་རླངས་འཁོར་ནང་བླུགས་ཏེ་གྲོང་སྡེའི་མཉམ་ལས་ཁང་དུ་འདྲེན་བཞིན་མཆིས།

        གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་རིན་ཆེན་རྡོ་རྗེས་ལག་ཏུ་ཁོག་ཞོག་ཆེན་པོ་ཞིག་ཁྱེར་ནས་ད་ལོར་ས་ཞིང་མུའུ་རེར་ཞོག་ཁོག་ཐོན་ཚད་རྒྱ་མ4000ལ་ཟིན་རྒྱུ་རེད།ཞོག་ཁོག་སྡོང་རྐང་རེར་རྒྱ་མ5ཙམ་ཐོན་བྱུང་ཞེས་དགའ་སྤྲོའི་ངང་དེ་ལྟར་བཤད།

        ཡུལ་མི་སྟོབས་ལྡན་གྱིས་ཞོག་ཁོག་ནི་མང་ཚོགས་ཀྱི་རྒྱུན་གཏན་ཅོག་ཙེའི་ཐོག་གི་བཟའ་བཅའ་མེད་དུ་མི་རུང་བ་ཞིག་ཡིན་ལ།ཉེ་བའི་ལོ་ཤས་རིང་རྟའུ་ཡི་ཞིང་དུད་མང་ཚོགས་ལ་ཡོང་འབབ་འཕར་སྣོན་གཏོང་ཡས་ཀྱི་གསེར་ཤིང་འབྲས་ལྡན་ལྟ་བུ་ཞིག་ཀྱང་རེད། དེ་སྔ་སྲོལ་རྒྱུན་གྱི་མི་ཐབས་ལ་བརྟེན་ནས་ཞོག་ཁོག་སྔོག་འཐུ་བྱེད་པའི་མྱུར་ཚད་འགོར་པོ་ཡིན་ཞིང་།ད་ལོར་འཕྲུལ་ཆས་ལ་བརྟེན་ནས་སྔོག་འཐུ་བྱས་ཏེ་སྟོན་དུས་ཆར་པ་བབས་པ་དང་སད་བརྒྱབ་པ་ལས་བྱུང་བའི་ཤུགས་རྐྱེན་མི་ཐོན་པར་མ་ཟད།ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་གྱོང་གུན་ཉུང་དུ་ཕྱིན་པ་དང་ལས་ཕྱོད་ཆེ་རུ་ཕྱིན་པར་མ་ཟད།ཞོག་ཁོག་འཐུ་བའི་འཕྲུལ་འཁོར་འབྲིང་ཆུང་རེར་ཉིན་རེར་ཏུན12ཙམ་འབབ་ཀྱི་ཡོད་པས་ཐོན་སྐྱེད་ཀྱི་མ་གནས་རྩ་བའི་ཆ་ནས་དམའ་རུ་ཕྱིན་ཡོད་ཅེས་བཤད།

        ཐོན་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་ཆེད།ཝ་རི་གྲོང་རྡལ་གྱིས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ཏེ་མི་སེར་ལ་རང་ཉིད་ཀྱི་ས་ཞིང་སི་ཁྲོན་ཁའེ་ཤིན་ཞིང་ལས་ཚད་ཡོད་སྤྱི་གཉེར་ཁང་དང་རྟའུ་ཆོས་ལྡན་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས་ལ་ནང་བཤུག་གཏང་རྒྱུའི་ལྕག་སྐུལ་བྱས་པ་དང་།དེ་རྗེས་ཁེ་ལས་བརྒྱུད་ནས་བཟོ་པ་བསྡུས་ཏེ་མི་སེར་ཚོའི་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བྱེད་ཐུབ་ཀྱི་ཡོད།

        སྦར་ཞབས་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཤའོ་ཡུས་པིན་གྱིས་ཞིང་དུད་ཀྱི་ཡོང་འབབ་སྐོར་གླེང་སྐབས་སྨྱུག་འཛིན་པར་ད་ལོར་རི་བ་གྲོང་སྡེའི་མུའུ500ཡི་ས་ཞིང་མུའུ་རེར་སྒོར420ཡི་རིན་གོང་ཐོག་ནས་ཁེ་ལས་ལ་ཞོག་ཁོག་འདེབས་སུ་བཅུག་པར་འཁོར་རྒྱུག་བྱས་ནས་སྒོར་ཁྲི21རག་ཡོད་པ་དང་གྲོང་སྡེ་ཡོངས་ཀྱི་མི་སེར་གྱི་ཡོང་འབབ་སྒོར་ཁྲི14ལ་ཟིན་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར590རག་བྱུང་ཡོད་ཅེས་བཤད།

        ཤེས་རྟོགས་བྱུང་བར་གཞིགས་ན།རྟའུ་ས་ཁུལ་མང་ཆེ་བར་ཞོག་ཁོག་འདེབས་རྒྱུར་འཚམ་པོ་ཡོད། བཏབ་པའི་ཞོག་ཁོག་གི་ཁ་དོག་ཡག་པ་དང་བྲོ་བ་ཞིམ་པས་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་ཡུལ་སྡེ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་ཆེད། ཉེ་བའི་ལོ་ཤས་རིང་རྟའུ་རྫོང་གིས་བར་ཁྱམས་གཅིག་དང་།གླིང་ཁུལ་དགུ།རྟེན་གཞི་གསུམ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་འཆར་འགོད་བྱས་ནས་དཔྱིད་འདེབས་པད་ཁ་དང་།མོག་རོ།ཞོག་ཁོག་སོགས་ཁྱད་ཆོས་ཐོན་ལས་གཙོ་བོར་བཟུང་བ་དང་།“ཝ་རིའི་ཞོག་ཁོག་ཐོན་ལས་གླིང་ཁུལ”སོགས་གྲོང་སྡེའི་དམིགས་བསལ་ཐོན་ལས་འདེབས་འཛུགས་རྟེན་གཞི་ཁག་གཅིག་འཛུགས་སྐྱོང་བྱས་ནས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་བཏོད་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1