མཛོད་དགེ་ནི་ལྷ་ཡུལ་ལྟ་བུའི་སྲོག་ཆགས་ཀྱི་འཇིག་རྟེན་དུ་གྲུབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 12-06



        དགུན་སྟོད་ཀྱི་མཛོད་དགེ་ནི་ལྷ་ཡུལ་ལྟ་བུའི་སྲོག་ཆགས་ཀྱི་འཇིག་རྟེན་དུ་གྲུབ། འདི་ནི་དུས་ཡུན་རིང་བོའི་གནད་འཁེལ་སྲུང་སྐྱོང་བྱེད་ཐབས་ལས་བྱུང་།  འདིར་འཚོ་སྡོད་གནང་བའི་འདབ་ཆགས་རྩ་ཆེན་རིགས་ནི། འཆམ་མཐུན་མཉམ་གནས་ཀྱི་ཡིད་འོང་རི་མོའི་ཚུལ་དུ་སྣང་།

        དགུན་སྟོད་ཀྱི་མཛོད་དགེའི་མཚོ་ཁྲའི་ན་འདམ་ཁུལ་དུ་འདུ་འཛི་ལྷག་ཏུ་ཆེ།  འདིར་འཚོ་སྡོད་གནང་བའི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ། བྱ་གག་དམར་སྐྱ། ཁྲུང་ཁྲུང་སྐྱ་བོ་སོགས་འདབ་ཆགས་རྩ་ཆེན་རིགས་ཀྱིས་མཚོ་ངོས་སུ་རྩེད་མོར་རོལ་བཞིན།  ལྷོ་ཕྱོགས་སུ་གནས་སྤོ་བར་སྟ་གོན་གང་ལེགས་གནང་ཡོད།  དེ་དང་མཉམ་དུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་གནས་སྤོ་བའི་ཆུ་སྐྱར་མགོ་ནག་དང་བྱ་གག་མཆུ་དམར། རུས་གོང་བྱ་དེ། བྱ་གག་མགོ་ལྗང་སོགས་དུས་བྱའང་ན་འདམ་དུ་སླེབས་ཏེ་གནས་སྐབས་སུ་ངལ་གསོ་གནང་།  ལས་སྒྲུབ་པས་ཆར་གོས་གྱོན་ཏེ་ན་འདམ་དུ་བསྐྱོད་ནས།  ཇེ་མང་དུ་སོང་བའི་ཆུ་བྱའི་ཚང་མལ་གནས་ཚུལ་ལ་བརྟག་དཔྱད་གནང་། 

        མཛོད་དགེ་ན་འདམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཚན་རིག་ཞིབ་འཇུག་ཚན་ཁག་གི་ལས་ཀ་བ་སྟོན་པ་རྒྱ་མཚོས་བཤད་རྒྱུར།  ང་ཚོའི་སྲུང་སྐྱོང་ཁུལ་དུ་བརྟག་དཔྱད་ཚད་ལེན་བྱེད་གནས༩༠ལྷག་ཡོད།  ད་ལོར་ང་ཚོས་རྒྱལ་ཡོངས་ཁྲུང་རིགས་ཆུ་བྱ་དང་མཉམ་དུ་བརྟག་དཔྱད་ཚད་ལེན་བྱས།  བསྡོམས་པའི་བརྟག་དཔྱད་ཚད་ལེན་ཐེངས༦བྱས་པ་བརྒྱུད།  ང་ཚོའི་སྲུང་སྐྱོང་ས་ཁོངས་སུ་ཆུ་བྱ་རིགས༣༢ཡོད་ཅིང་།  ཆུ་བྱའི་གྲངས་འབོར༡༩༠༠ལྷག་ཟིན་ཡོད་ཟེར།

        དུས་བྱ་ཕུད་མཛོད་དགེའི་རང་བྱུང་ཆ་རྐྱེན་བཟང་བོས། རི་སྐྱེས་སྲོག་ཆགས་ལ་འཚོ་སྡོད་ཁོར་ཡུག་བཟང་བོ་འདོན་སྤྲོད་གནང་།  སྲུང་སྐྱོང་ཁུལ་དུ་ནམ་ཡང་སྦྲེ་རིགས་རང་དགར་རྒྱུ་ཞིང་།  ཤྭ་བ་ཁྲ་རིས་བག་ཡངས་ཀྱིས་རྒྱུ་བ་མཐོང་ཐུབ་པར་མ་ཟད། ད་དུང་དགོ་བའི་ཁྱུ་ཚོགས་གཟན་ལ་རེམ་བཞིན་པའང་མཐོང་ཐུབ། ཉིན་ཤས་སྔོན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དངོས་ཟིན་ལེ་ཚན་དུ་བཏང་བའི《ཀྲུང་གོའི་ན་འདམ》གྱི་མཛོད་དགེའི་ཆེད་སྒྲིག་ལེ་ཚན་དུ།  མི་ཡུལ་གྱི་དག་ཞིང་འདི་ལ་དགའ་མཁན་ནོར་གནག་གཅིག་པུ་མིན་ཞེས་བཏོན་ཡོད།

        སྔར་ལས་ན་འདམ་ཀྱི་སྲོག་ཆགས་ཐམས་ཅད་ལེགས་པར་སྲུང་ཆེད།  མཛོད་དགེ་རྫོང་གིས་ཡོངས་ཁྱབ་ནས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཕྱུགས་སྐྱུང་རྩྭ་འདེབས།  བྱེ་འགོག་བྱེ་བཅོས་སོགས་སྐྱེ་ཁམས་ལས་གཞི་ལག་བསྟར་བྱས་པས།  མཚོ་ཁྲའི་མཚེའུ་ཡི་རྒྱ་ཁྱོན་སྤྱི་ཆིང༢༡༥ནི༦༥༠ལ་རྒྱ་བསྐྱེད་ཅིང་།  ཆུ་གནས་ལི་སྨི༥༢ཇེ་མཐོར་སོང་།

        རྔ་བ་ཁུལ་མཛོད་དགེ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་སྐྱེ་ཁམས་ཐོན་ཁུངས་ཚན་ཁག་གི་ལས་ཀ་བ་ཞུང་ཡོན་ཆིང་གིས་བཤད་རྒྱུར།  ༢༠༡༥ལོའི་རྗེས་སུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་བསྟུན། ང་ཚོའི་ས་གནས་མང་ཚོགས་ཀྱི་སྲུང་སྐྱོང་འདུ་ཤེས་ཇེ་ཆེར་སོང་སྟེ།  རི་སྐྱེས་སྲོག་ཆགས་རང་དགར་རྔོན་པའི་ཁྲིམས་འགལ་ཉེས་གསོག་སྤྱོད་ཚུལ་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཡོད་ཟེར།

        ད་ལྟ་མཛོད་དགེ་ན་འདམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཚོ་བའི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས༩དེ་རིགས༡༧ལ་འཕར་སྣོན་བྱུང་ཞིང་།  སྐྱེ་ཁམས་མ་ལག་ཉིན་བཞིན་ཇེ་བཟང་དང་ཇེ་བརྟན་དུ་སོང་སྟེ།  མཛོད་དགེ་ནི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་སྐྱེ་འཕེལ་དང་འཚོ་སྡོད་གནང་སའི་སྐྱེད་མོས་ཚལ་དུ་གྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1