ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྐྱོ་གདུང་ཆེན་པོས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-06


        ཉིན་ཤས་བསྟུད་མར་རྒྱལ་ཡོངས་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས། དམག་ཡོངས་ཀྱི་དཔོན་དམག་རྣམས་ཀྱིས་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་བློ་མཐུན་ཅང་ཙེ་རྨིན་ལ་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་ཤིང་། ཚང་མས་སེམས་སྡུག་སྟོབས་ཤུགས་སུ་བསྒྱུར་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

        བློ་མཐུན་ཅང་ཙེ་རྨིན་ནི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པའི་སྲོག་ཤིང་ཡིན། ཁོང་གིས་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བ་དེ་མཐའ་འཁྱོངས་དང་བསྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་གནང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་སྲུང་སྐྱོབ་གནང་བ་དང་། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་གནང་མཛད་ཡོད།

        བློ་མཐུན་ཅང་ཙེ་རྨིན་གྱིས་ཧའེ་ནན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་ཡོད། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ཁྲོད་ཞུགས་མྱོང་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས། བློ་མཐུན་ཅང་ཙེ་རྨིན་གྱི་ཐུགས་འདུན་རྒྱུན་འཛིན་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་ཞེས་པའི་བླང་བྱར་དམིགས་ཏེ་མུ་མཐུད་དུ་འབད་འཐབ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཨུད་བསྒྱུར་བཅོས་ཟབ་སྤེལ་གཞུང་དོན་ཁང་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ཧའེ་ཁོའུ་གྲོང་ཁྱེར་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལིན་ཀྲེ་པིན་གྱིས། ང་ཚོས་བློ་མཐུན་ཅང་ཙེ་རྨིན་གྱི་ཐུགས་འདུན་རྒྱུན་འཛིན་བྱས་ཐོག ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བཏོན་པའི་བླང་བྱ་ལྟར། བསྒྱུར་བཅོས་ཟབ་སྤེལ་དང་ཐོན་ལས་གྲུབ་གཞི་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་སོགས་ཀྱི་གཙོ་གནད་ལས་དོན་དམ་འཛིན་ལེགས་པོ་བྱས་ཏེ། འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གང་མགྱོགས་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།

        བློ་མཐུན་ཅང་ཙེ་རྨིན་གྱིས་དེ་སྔ་གཟིགས་ཞིབ་གནང་མྱོང་བའི་ཧྲན་ཞི་ཡི་ཀོན་ཏི་རྡོ་སོལ་གཏེར་ཁུལ་དུ་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་དང་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་བཤད་ཡོད། ཧྲན་ཞི་རྡོ་སོལ་སྲེག་སྒྱུར་ཚོགས་པའི་ཀོན་ཏི་རྡོ་སོལ་གཏེར་ཁའི་ཐོན་སྐྱེད་ལག་རྩལ་པུའུ་ཡི་པུའུ་ཀྲང་མེང་ལེ་ཡིས། བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པའི་གནས་ཚུལ་ཐོས་རྗེས་སེམས་ཧ་ཅང་སྐྱོ་པོ་བྱུང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། རྡོ་སོལ་གཏེར་ཁ་རིག་ནུས་ཅན་དང་གྲངས་འཛིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། རྡོ་སོལ་ཐོན་ལས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

        བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས། བློ་མཐུན་ཅང་ཙེ་རྨིན་གྱི་ཁྱད་དུ་འཕགས་པའི་གཤིས་རྒྱུད་དང་བླ་ན་མེད་པའི་ཀུན་སྤྱོད་ཀྱིས་ས་མཐོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ནམ་ཡང་འབད་འབུངས་ཡར་བརྩོན་གྱི་སློབ་གསོ་དང་སྐུལ་ལྕག་ཐེབས་རྒྱུ་རེད་ཅེས་བཤད་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་ཚེ་རིང་གིས། བློ་མཐུན་ཅང་ཙེ་རྨིན་གྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་ཡོད་ཅིང་། སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པ་གཙོ་སྐྱོང་གནང་ཡོད། ང་ཚོས་མཐུན་སྒྲིལ་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

        ཧོང་ཧའེ་རྒྱ་མཚོའི་མཚོ་ཁོངས་ཤིག་ཏུ་སྦྱོང་བརྡར་གྱི་ལས་འགན་སྒྲུབ་བཞིན་པའི་མཚོ་དམག་གི་ཧོང་ཧྲི་དམག་གྲུའི་སྟེང་དམག་མི་རྣམས་ནས་ངག་བསྡམས་ཏེ་མྱ་ངན་ཞུས་ཡོད། བྱང་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ཧོང་ཧྲི་དམག་གྲུའི་ཆབ་སྲིད་ཨུ་ཡོན་ཅང་ཁའེ་ཧྥེང་གིས། མྱ་ངན་ཞུས་ཚར་རྗེས་དཔོན་དམག་ཚོས་དམག་སྦྱོང་དང་དམག་གྲབས་ནང་ཧུར་ཐག་ངང་ཞུགས་ཡོད། མྱ་ངན་ཞུ་བའི་མཛད་སྒོ་ནི་སྒྲ་མེད་སྐུལ་སློང་གི་བཀའ་རྒྱ་ཞིག་དང་འདྲ་བར་དཔོན་དམག་ཚོས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་དད་སེམས་ལ་བསམ་བློ་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད་ཅིང་། ང་ཚོས་མཚོ་དམག་གསར་པ་འཛུགས་སྐྱོང་དང་རྩེར་སོན་གྱི་མཚོ་ཐོག་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

        དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་ལས་སྒྲུབ་ཉིང་ལག་རུ་ཁག་བཞི་པའི་ལས་ཁུངས་ཀྱི་སློབ་སྦྱོང་ཁང་ནང་། དཔོན་དམག་ཚོས་མྱ་ངན་མཛད་སྒོ་འཚོགས་རྗེས་བློ་མཐུན་ཅང་ཙེ་རྨིན་གྱི་འོད་སྟོང་འཕྲོ་བའི་མཛད་རྗེས་ལ་དྲན་གསོ་ཞུས་ཡོད། དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་ལས་སྒྲུབ་ཉིང་ལག་རུ་ཁག་བཞི་པའི་ཆབ་སྲིད་ལས་དོན་པུའི་ཁོའོ་ཀྲང་ལི་ཝུན་ཅིང་གིས། དཔོན་དམག་ཚོས་བློ་མཐུན་ཅང་ཙེ་རྨིན་གྱི་ཐུགས་འདུན་རྒྱུན་འཛིན་གང་ལེགས་བྱས་ཏེ། ལས་འགན་གཙོ་བོར་དམིགས་པ་དང་དམག་ཧྲག་གི་འགན་འཁྲི་ཧུར་ཐག་སྒྲུབ་ནས་ནམ་ཡང་ཏང་དང་མི་དམངས་ཀྱི་བློ་དཀར་སེམས་དཀར་གྱི་སྲུང་དམག་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

        ཤང་ཀང་ལས་རིགས་ཁག་གིས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སེམས་སྡུག་ཆེན་པོས་མྱ་ངན་ཞུས་ཡོད། ཚང་མས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་མུ་མཐུད་ནས་གནད་འཕིགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་མེས་རྒྱལ་གྱི་པང་དུ་ལོག་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་ཐུན་མོང་ཐོག་ཤང་ཀང་གི་གོང་འཕེལ་ཆེད་སྒུལ་ནུས་གསར་པ་སྣོན་རྒྱུའི་རྣམ་པ་བསྟན་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཤང་ཀང་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐང་དབྱིང་ཉན་གྱིས། བློ་མཐུན་ཅང་ཙེ་རྨིན་གྱིས་ཤང་ཀང་བདེ་བླག་ངང་མེས་རྒྱལ་གྱི་པང་དུ་ལོག་པ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དོན་འཁྱོལ་བྱེད་པའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་གནང་བ་དང་། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་པའི་བརྒྱུད་རིམ་ནང་ནུས་པ་ཆེན་པོ་འདོན་གནང་མཛད་ཡོད། ཤང་ཀང་གི་དཔལ་འབྱོར་གོང་འཕེལ་ཡང་རྒྱལ་ཁབ་དར་རྒྱས་བྱུང་བ་དང་བསྟུན་ནས་བྱུང་བ་དང་། རྒྱལ་ཁབ་ཕྱུག་འགྱུར་སྟོབས་ཆེའི་ལམ་དུ་བསྐྱོད་རྒྱུར་ཚང་མས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་དགོས་ཀྱི་ཡོད་ཅེས་བསྟན་འདུག

        ཨའོ་མོན་ལས་རིགས་ཁག་གིས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་ཡོད་པ་དང་། ཚང་མས་མ་འོངས་པར་བློ་མཐུན་ཅང་ཙེ་རྨིན་གྱི་ཐུགས་འདུན་རྒྱུན་འཛིན་གྱིས་རྒྱལ་གཅེས་ཨའོ་གཅེས་འདུ་ཤེས་མུ་མཐུད་ལག་ལེན་བསྟར་ཐོག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུ་དང་མི་རིགས་བསྐྱར་དར་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད། ཨའོ་མོན་ཧུའེ་ཀྲེ་ཚོགས་པའི་ཚོགས་གཙོ་ཡང་ཅུན་གྱིས། ང་ཚོ་ཨའོ་མོན་གྱི་གཞོན་ནུ་ཚོས་ཀྱང་སེམས་སྡུག་སྟོབས་ཤུགས་སུ་འགྱུར་བ་བྱས་ནས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་ནན་ཏན་བྱེད་པ་དང་རྒྱལ་ཁབ་དང་ཁུག་པ་ཆེན་མོའི་ཁུལ་གྱི་གོང་འཕེལ་གོ་སྐབས་དམ་འཛིན་བྱེད་པ། ཧེང་ཆིན་མཉམ་འདྲེས་གཏིང་ཟབ་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བཤད་འདུག

        ཐའེ་ཝན་ལས་རིགས་ཁག་གི་མི་སྣས་ཉིན་ཤས་བསྟུད་མར་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སེམས་སྡུག་ཆེན་པོས་མྱ་ངན་ཞུས་པ་དང་། རྣམ་པ་སྣ་ཚོགས་ཐོག་ནས་དྲན་གསོ་དང་མྱ་ངན་གྱི་བསམ་པ་མཚོན་པར་བྱས་ཡོད། ཐའེ་ཝན་ངལ་རྩོལ་ཏང་གི་ཀྲུའུ་ཞི་ཝུའུ་རུང་ཡོན་གྱིས། ཀྲུའུ་ཞི་ཅང་ཙེ་རྨིན་ནས་གལ་ཆེའི་སྲིད་ཇུས་མང་པོ་བཏོན་གནང་བ་དང་ཞི་བདེ་གཅིག་གྱུར་གྱི་འོད་སྟོང་ལྡན་པའི་མདུན་ལམ་གསལ་སྟོན་མཛད་དེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དང་རྒྱལ་ཁབ་གོང་བུ་གཅིག་གྱུར་ཡོང་བ་བྱ་རྒྱུ་དེ་ནི་ལྡོག་མེད་ཀྱི་ལོ་རྒྱུས་རེད་ལ་དགོས་ངེས་རེད་ཅེས་བསྟན་གནང་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1