ཞི་ཅིན་ཕིང་རི་ཡ་ཏེར་ཕེབས་འབྱོར་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-09


ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་དང་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་དབུ་ཚོགས་སྐབས་དང་པོར་ཞུགས་པ་དང་འབྲེལ་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་གནང་བ།

འདི་ནི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་རི་ཡ་ཏེ་ཧ་ལི་ཏེ་རྒྱལ་པོའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས་སོ་ཏི་ཨ་རབ་ཀྱི་རི་ཡ་ཏེ་ཞིང་ཆེན་གྱི་ཧྲེང་ཀྲང་ཆིན་ཝང་ཧྥེ་སར་དང་། ཕྱི་འབྲེལ་བློན་ཆེན་ཆིན་ཝང་ཧྥེ་སར། ཀྲུང་གོའི་ལས་དོན་བློན་ཆེན་ལུའུ་མེ་ཡན་སོགས་གོང་མ་ཚང་གི་ཁོངས་མི་གལ་ཆེན་དང་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུ་བཞིན་པ།

        འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་རི་ཡ་ཏེ་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་རི་ཡ་ཏེ་རུ་འབྱོར་ཞིང་། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་པོ་ས་ལེ་མན་གྱི་གདན་ཞུས་ལྟར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་དང་། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་དབུ་ཚོགས་སྐབས་དང་པོར་ཞུགས་པ་མ་ཟད། སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་ཡང་གནང་བ་རེད།

        ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་ཞུགས་ཏེ་རི་ཡ་ཏེ་ཧ་ལི་ཏེ་རྒྱལ་པོའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས་སོ་ཏི་ཨ་རབ་ཕྱོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། གནམ་ཐང་དུ་རྟེན་འབྲེལ་མེ་སྒྱོགས་21འཕེན་གཏོང་བྱས་པ་དང་། མགྲོན་བསུའི་སྐུ་སྲུང་གནམ་གྲུས་མཁའ་དབྱིངས་སུ་ཀྲུང་གོའི་རྒྱལ་དར་མཚོན་པའི་ཁ་དོག་དམར་སེར་གཉིས་ཀྱི་དར་ཚོན་བཀལ་ཡོད་པ་རེད། ས་གདན་སྨུག་པོའི་གཡས་གཡོན་གཉིས་སུ་གུས་དམག་ལངས་ནས་བསྡད་ཡོད་པ་དང་ད་དུང་ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།

        ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་སོ་ཏི་ཨ་རབ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། ཁོང་གིས་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་32རིང་ཕྱོགས་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ལྷག་པར་དུ་2016ལོར་རྒྱལ་ཁབ་གཉིས་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་། ངས་རྒྱལ་པོ་ས་ལེ་མན་དང་མཉམ་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་ནུས་ལྡན་ཡང་བཏང་ཡོད། འཚམས་འདྲི་བྱེད་རིང་ངས་རྒྱལ་པོ་ས་ལེ་མན་དང་རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེ་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐུན་མོང་ཐོག་འཆར་འགོད་བྱ་རྒྱུ་ཡིན། ངས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་དང་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་དབུ་ཚོགས་སྐབས་དང་པོར་ཞུགས་ནས་ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་དང་། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1