༄༅། །རིམས་ནད་སྔོན་འགོག་ཐད་ཀྱི་གླེང་གཞི་འདི་དག་ལ་ལན་བཏབ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-09


        དགུན་དུས་ཆམ་རིམས་སོགས་དབུགས་ལམ་གྱི་ནད་རིགས་མང་པོ་འབྱུང་སླ་བས། རིམས་ནད་བྱུང་བའི་སྐབས་སུ་སྦྲུམ་མ་དང་བྱིས་པ་སོགས་དམིགས་བསལ་གྱི་མི་ཚོགས་ཀྱིས་ཇི་ལྟར་བྱས་ནས་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་དགོས་སམ། བྱིས་པ་ཡོད་པའི་ཁྱིམ་ཚང་གིས་སྨན་རྫས་མང་ཙམ་གསོག་འཇོག་བྱེད་དགོས་སམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་རྩ་འཛུགས་ཀྱི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་སྟེ། པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་ཡོན་ཀྲང་ཆའོ་ཅེ་དང་རྒྱལ་སའི་གསོ་རིག་སློབ་ཆེན་ཁོངས་གཏོགས་པེ་ཅིང་བྱིས་པའི་སྨན་ཁང་མྱུར་སྐྱོབ་ཚན་ཁག་གི་ཀྲུའུ་རེན་ཝང་ཆོན་གྱིས་ཆེད་ལས་ཀྱི་ལན་བཏབ་པ་རེད།

    གཅིག  དྲི་བ། མི་ཚོགས་དཀྱུས་མ་དང་བསྡུར་ན་སྦྲུམ་མར་ཏོག་གསར་ནད་དུག་འགོས་སླ་བ་རེད་དམ། ཇི་ལྟར་བྱས་ནས་འགོག་སྲུང་ཡག་པོ་བྱེད་དགོས།

        ཆའོ་ཅེ་ཡིས། སྤྱིའི་མི་ཚོགས་ཀྱི་མངོན་ཚུལ་ནས་བལྟས་ན། སྦྲུམ་མར་ཨའོ་སྨི་ཁེ་རུང་འགོས་ནད་ཕོག་ཚད་དེ་མི་ཚོགས་དཀྱུས་མ་དང་འདྲ་པོ་ཡིན་པ་དང་། ནད་རྟགས་ཐོན་པའི་མངོན་ཚུལ་ཡང་མི་ཚོགས་དཀྱུས་མ་དང་འདྲ། དཔེར་ན། མིད་པ་སྐམ་པ་དང་། གློ་ལུ་བ། སྣ་ཆུ་བཞུར་བ། གཟུགས་པོ་ཚང་མ་ན་བ། ཚ་བ་རྒྱག་པ་སོགས་རེད། སྤྱིའི་ཆ་ནས་བཤད་ན། མི་ཚོགས་དཀྱུས་མ་དང་བསྡུར་ན་འགོས་ནད་ཀྱིས་སྦྲུམ་མའི་བདེ་ཐང་ལ་ཤུགས་རྐྱེན་དེ་བས་ཆེ་བ་ཐེབས་མེད་ཅེས་བསྟན།

        ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སོགས་ཀྱི་རྨང་གཞིའི་ནད་ཕོག་པའི་སྦྲུམ་མས་རང་ཉིད་སྲུང་སྐྱོབ་བྱེད་རྒྱུར་ཤུགས་རྒྱག་དགོས། མངལ་སྦྲུམ་པའི་འཆར་གཞི་ཡོད་པའི་བུད་མེད་ཀྱིས་མངལ་མ་སྦྲུམ་སྔོན་ལ་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་སྟེ་རང་ཉིད་ཀྱི་རིམས་འགོག་ནུས་པ་ཆེ་རུ་གཏོང་དགོས། གང་ཐུབ་ཀྱིས་ལུས་ཕུང་གི་རྣམ་པ་ལེགས་སྒྲིག་བྱས་ནས་ད་གཟོད་མངལ་ཆགས་པར་བྱ་དགོས།

        སྦྲུམ་མ་ཚོས་འགོག་སྲུང་བྱེད་རྒྱུར་དོ་སྣང་བྱས་ཏེ། གཤམ་གྱི་གནད་འགག་དག་ཡག་པོ་བསྒྲུབ་དགོས་སྟེ། ཕྱིར་འགྲོ་བ་དང་མི་མང་འདུ་འཛོམས་བྱ་ཡུལ་དུ་ཁ་རས་རྒྱག་པ་དང་། སྨན་ཁང་དུ་སྨན་བཅོས་བྱེད་སྐབས་N95ཁ་རས་བརྒྱབ་ནས་མི་སྣ་འདུ་འཛོམས་བྱེད་སར་ཉུང་དུ་འགྲོ་དགོས། ཁྱིམ་དུ་སྡོད་པའམ་གཞུང་ལས་ཁང་དུ་རྒྱུན་དུ་རླུང་རྒྱུག་ཏུ་བཅུག་ནས་མཁའ་རླུང་འགྲོ་རྒྱུག་རྒྱུན་འཁྱོངས་བྱེད་དགོས། ཁྱིམ་དུ་ཕྱིར་ལོག་དུས་རྒྱུན་དུ་ལག་པ་འཁྲུ་དགོས།

    གཉིས། དྲི་བ། གལ་ཏེ་བཀག་སྡོམ་དང་ལོགས་བཀར་བྱེད་དགོས་པའི་གནས་ཚུལ་བྱུང་ནས། སྦྲུམ་མ་དུས་ལྟར་སྨན་པར་སྟོན་མ་ཐུབ་ན་ཇི་ལྟར་བྱ་དགོས་སམ།

        ཆའོ་ཅེ་ཡིས། གལ་ཏེ་སྦྲུམ་མ་བཀག་སྡོམ་དང་ལོགས་བཀར་བྱེད་དགོས་པའི་གནས་ཚུལ་དང་འཕྲད་ནས་དུས་ལྟར་སྨན་པར་སྟོན་མ་ཐུབ་ཚེ། འཚབ་པ་དང་སེམས་ཁྲལ་མི་བྱེད་པར་རང་གི་བུ་བཙའ་ལས་ཁུངས་དང་འབྲེལ་བ་བྱེད་དགོས། སྨན་བཅོས་བྱེད་པ་དེ་རྒྱུན་ལྡན་གྱི་གཟུགས་པོར་བརྟག་དཔྱད་ཡིན་ཚེ་དུས་ཚོད་ལ་འགྱུར་བ་གཏོང་ཆོག གལ་ཏེ་ཛ་དྲག་ངང་སྨན་བཅོས་བྱེད་པའི་ཁོངས་སུ་གཏོགས་ཚེ། སྡེ་ཁུལ་དང་དུས་ཐོག་ཏུ་འབྲེལ་གཏུག་བྱས་ནས་དམིགས་བསལ་གྱི་བགྲོད་ལམ་བརྒྱུད་སྨན་བཅོས་བྱེད་ཆོག་ཅེས་བསྟན།

    གསུམ། དྲི་བ། དབུགས་ལམ་གྱི་ནད་རིགས་འབྱུང་སླ་བའི་དུས་ཚིགས་ཡིན་པས། བྱིས་པར་ཚ་བ་རྒྱག་པ་དང་གློ་ལུ་བ་སོགས་བྱུང་ན་སྨན་ཁང་དུ་འགྲོ་དགོས་སམ།

        ཝང་ཆོན་གྱིས། སྟོན་ཁ་དང་དགུན་དུས་ནི་བྱིས་པའི་དབུགས་ལམ་གྱི་ནད་རིགས་འབྱུང་མང་བའི་དུས་ཚིགས་ཤིག་ཡིན་ཞིང་། ཚ་བ་རྒྱག་པ་དང་གློ་ལུ་བ་ནི་བྱིས་པའི་དབུགས་ལམ་གྱི་ནད་རིགས་ཀྱི་རྒྱུན་མཐོང་ནད་རྟགས་ཤིག་ཡིན། ཚ་བ་རྒྱག་པ་དང་གློ་ལུ་བའི་ནད་རྟགས་འབྱུང་བའི་ནད་ཀྱི་གདོད་གཟུགས་ཧ་ཅང་མང་སྟེ། ཆམ་རིམས་ཀྱི་ནད་དུག་སོགས་གཙོ་བོ་ཡིན་པ་དང་། དེའི་ནང་དུ་འབུ་ཕྲ་དང་གློ་ཚད་ཡན་ལག་གདོད་གཟུགས་ཀྱང་འདུས།

        བྱིས་པ་ན་བའི་རྗེས་སུ་གལ་ཏེ་སེམས་ཁམས་གཏན་འཇགས་ཡིན་ན། ཁྱིམ་བདག་གིས་ནད་ལ་བལྟས་ནས་ཐག་གཅོད་བྱས་ཏེ། ནད་ཀྱི་གནས་ཚུལ་ལ་ལྟ་རྟོག་བྱས་ན་ཆོག གལ་ཏེ་བསྟུད་མར་ཉིན་གསུམ་ལ་ཚ་བ་རྒྱས་པ་དང་། རྒྱུན་མཐུད་ངང་ཚ་བ་རྒྱས་པ། ལུད་པ་མང་བ། སྐྱུགས་པ། ཁོག་པ་བཤལ་བ། རྣག་ཁྲག་གི་གཅིན་པ། གཅིན་ཚད་ཉུང་བ། དབུགས་འབྱིན་ཚད་མགྱོགས་པ། འབྱིན་རྔུབ་དཀའ་བ། ཀླད་པ་མི་གསལ་པ་སོགས་ཀྱི་གནས་ཚུལ་བྱུང་ན། ཁྱིམ་བདག་གིས་བྱིས་པ་ཁྲིད་ནས་དུས་ལྟར་སྨན་པར་སྟོན་དགོས།

        སྨན་ཁང་དུ་སྡོད་སྐབས། ཁྱིམ་བདག་གིས་རང་ཉིད་དང་བྱིས་པའི་བདེ་ཐང་ལ་སྲུང་སྐྱོབ་བྱས་ཏེ། ཁ་རས་བརྒྱབ་ནས་ལག་པར་གཙང་སྦྲ་ལེགས་པོ་བྱེད་དགོས། ཁྱིམ་དུ་ལོག་རྗེས་འཕྲལ་མར་ཕྱི་ལྭ་དང་ལྷམ་ཞྭ་ཕུད་ནས་ལག་པ་ཡག་པོ་འཁྲུ་དགོས་པར་བསྟན།

    བཞི། དྲི་བ། བྱིས་པ་ཡོད་པའི་ཁྱིམ་ཚང་གིས་མིག་སྔར་སྨན་མང་ཙམ་གྲ་སྒྲིག་བྱེད་དགོས་སམ།

        ཝང་ཆོན་གྱིས། ཁྱིམ་དུ་བྱིས་པས་འཐུང་རྒྱུར་འཚམ་པའི་ཚ་འཇོག་སྨན་སོགས་གྲ་སྒྲིག་བྱེད་པ་ལས་ཁྱིམ་དུ་སྨན་མང་པོ་གསོག་ཉར་བྱེད་དགོས་དོན་མེད། ཕྲུ་གུར་སྨན་སྟེར་སྐབས་སྨན་པའི་བཀའ་གསུང་ལྟར་འཐུང་དགོས་པ་མ་ཟད། སྨན་གྱི་གསལ་བཤད་ཡི་གེ་ནན་ཏན་གྱིས་ཀློག་དགོས། བདེ་འཇགས་ལ་ཁག་ཐེག་བྱེད་པའི་ཆེད་དུ། ཁྱིམ་བདག་གིས་ཉམས་མྱོང་ཁོ་ནར་བརྟེན་ནས་སྨན་མ་སྟེར།

        ཕྲུ་གུ་ཁྱིམ་དུ་སྡོད་སྐབས་དུས་ལྟར་ངལ་གསོ་དང་། གཉིད་འདང་ངེས་ཉལ་བ། ལུགས་མཐུན་ངང་བཟའ་བཅའ་སྤྱོད་པ། འཚོ་བཅུད་དོ་མཉམ། སྦྱོང་བརྡར་ལ་ཤུགས་རྒྱག་པ་བཅས་བྱས་ནས་ཤིང་འབྲས་དང་སྔོ་ཚལ་མང་ཙམ་ཟ་དགོས། བྱང་ཕྱོགས་སུ་དགུན་དུས་གནམ་གཤིས་སྐམ་ཤས་ཆེ་བས། ཁྱིམ་བདག་གིས་ཕྲུ་གུར་ཆུ་མང་ཙམ་འཐུང་དུ་འཇུག་པ་དང་། ཁྱིམ་མིའི་བར་འབྲེལ་འདྲིས་ཟབ་ཏུ་བཏང་ནས། སེམས་ཁམས་སྐྱིད་པོ་ཡོང་བ་བཅས་བྱེད་དགོས་པར་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1