༄༅།། ཁྱེད་ཀྱིས་ཆེས་དོ་ཁུར་བྱེད་པའི་རིམས་འགོག་སྐབས་ཀྱི་གནད་དོན་ལྔ་འདི་ན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 12-12



        ཟླ12པའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་སྒྲིག་གཞི་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ལེགས་གཏོང་གི་གནས་ཚུལ་མཚམས་སྦྱོར་བྱས་པ་རེད། དེ་རིང་། རྩོམ་སྒྲིག་པས་ཁྱེད་ཀྱིས་ཆེས་དོ་ཁུར་བྱེད་པའི་རིམས་ནད་འགོག་སྡོམ་སྐབས་ཀྱི་གནད་དོན་ལྔ་འདི་རུ་བདམས་བཀོད་བྱས་ཡོད།


    གཅིག སྨན་རིགས་སྣ་ཚོགས་སྡེབ་གསོག་དང་ཧབ་ཉོ་བྱ་དགོས་སམ།

        མིག་སྔར། རྫོང་རིམ་པའི་ཡན་གྱི་སྨན་བཅོས་སྡེ་ཁག་ལ། ནད་རྟགས་ལ་གཞིགས་ནས་སྨན་བཅོས་བྱ་དགོས་པའི་སྨན་རིགས་དང་ནད་དུག་འགོག་པའི་སྨན་རིགས། དེའི་ནང་དུ་རྒྱ་སྨན་དང་ནུབ་སྨན། གདོད་འཇོག་ཚོད་ལྟའི་སྨན་རྫས་བཅས་འདུས་པའི་སྨན་རིགས་ལ་གྲ་སྒྲིག་ཚད་ངེས་ཅན་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། དུས་མཚུངས་སུ། གཞི་རིམ་གྱི་སྨན་བཅོས་སྡེ་ཁག་དང་སྨན་རྫས་སིལ་འཚོང་ཁང་བཅས་ཀྱིས་ཀྱང་འབྲེལ་ཡོད་གྲ་སྒྲིག་བྱས་ཏེ་སྨན་རིགས་མཁོ་འདོན་ཐུབ་པ་ཁག་ཐེག་བྱ་དགོས་ཞེས་བླང་བྱ་བཏོན་ཡོད།

        དེར་བརྟེན། ཚང་མས་སྨན་རིགས་སྣ་ཚོགས་སྡེབ་གསོག་དང་ཧབ་ཉོ་བྱ་མི་དགོས། གཞན་ད་དུང་བྱ་བ་ཡོངས་ལ་བཀོད་སྒྲིག་བྱས་ཡོང་བ་དང་བསྟུན་ནས། སྨན་རྫས་སིལ་འཚོང་ཁང་དང་སྨན་བཅོས་སྡེ་ཁག་གང་དུའང་། སྨན་རིགས་ཚང་མ་ཉོ་ཐུབ་པ་ཡིན།

    གཉིས། དལ་གཤིས་ནད་ཡོད་པའི་ལོ་ལོན་རིགས་ཀྱིས་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་རུང་ངམ།

        རང་རྒྱལ་གྱི་པྲོག་གསར་ནད་དུག་རིམས་འགོག་སྨན་ཁབ་ཀྱི་སྨན་ལོག་འབྱུང་ཚད་དང་ང་ཚོ་ལ་ལོ་ལྟར་རིམས་འགོག་སྨན་ཁབ་གཞན་རིགས་བརྒྱབ་པའི་སྨན་ལོག་འབྱུང་ཚད་གཉིས་འདྲ་མཚུངས་ཡིན་པར་མ་ཟད། ད་དུང་ལོ་ལོན་རིགས་ལ་སྨན་ལོག་འབྱུང་ཚད་ནི་ན་གཞོན་རིགས་ལས་ཀྱང་དམའ་བ་ཡིན།

        དལ་གཤིས་ནད་ནི་པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པ་ལ་མཐའ་གཅིག་ཏུ་འཛེམ་དགོས་པ་ཞིག་མིན་པ་དང་། དལ་གཤིས་ནད་ལ་ཚོད་འཛིན་ལེགས་པོ་བྱས་ཏེ་བརྟན་འཇགས་དུས་སུ་ཡོད་ན། པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་ན་ཆོག་པ་ཡིན།

    གསུམ། ལོ་ལོན་རིགས་ལ་སྣོན་ཁབ་རྒྱག་པའི་བར་མཚམས་དུས་ཚོད(间隔)ཟླ་བ་གསུམ་དུ་བཏང་བ་ཅི་ཡིན་ནམ།

        ཐེངས་འདིའི་ཇུས་གཞིའི་ནང་དུ། རྨང་གཞིའི་རིམས་འགོག་ནུས་པ་ལེགས་འགྲུབ་བྱུང་རྗེས། སྣོན་ཁབ་དང་པོ་རྒྱག་པའི་བར་མཚམས་དུས་ཚོད་ཟླ་བ་དྲུག་འགོར་དགོས་པ་ནས་ཟླ་བ་གསུམ་འགོར་ན་ཆོག་པར་བཏང་ཡོད། འདི་ནི་ཞིབ་འཇུག་གསར་སྤེལ་ལས་ཁུངས་ཀྱི་ཞིབ་འཇུག་གཞི་གྲངས་ལ་དཔྱད་དཔོག་གང་མང་དང་ཆེད་མཁས་པས་རིགས་སྒྲུབ་གང་མང་བྱས་རྗེས། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གྱི་བྱ་རིམ་ལ་གཞིགས་ཏེ་ཞིབ་བཤེར་གཏན་འབེབས་ངང་ཆོག་མཆན་བཀོད་པ་དང་། དེ་ནི་ཚན་རིག་ཡིན་ལ། ང་ཚོའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་སྡོམ་གྱི་བླང་བྱར་ཡང་འཚམ་པ་ཡིན།

    བཞི། ནད་བབ་ཛ་དྲག་ཆེ་བའི་ནད་པས་ཉིང་སྐྱུར་བརྟག་འཇལ་བྱས་མེད་ན་སྨན་ཁང་ནས་སྨན་བཅོས་བྱེད་ཐུབ་བམ།

        ནད་བབ་ཛ་དྲག་ཆེ་བའི་ནད་པ་བྱུང་ན། ཉིང་སྐྱུར་བརྟག་འཇལ་གྱི་མཇུག་འབྲས་ཐོན་ཡོད་མེད་གང་ཡིན་ནའང་། ཁོ་ཚོའི་སྨན་བཅོས་དགོས་མཁོ་ངེས་པར་དུ་བསྐང་དགོས་པ་དང་དེ་ལྟར་བྱ་འོས་པ་ཞིག་ཀྱང་ཡིན། ནད་པར་སྨན་བཅོས་བྱེད་པ་ལ། ཉིང་སྐྱུར་བརྟག་འཇལ་གྱི་མཇུག་འབྲས་ཡོད་མེད་འདི་སྔོན་འགྲོའི་ཆ་རྐྱེན་དུ་གཏན་ནས་བྱེད་མི་རུང་།

        ཉིང་སྐྱུར་བརྟག་འཇལ་གྱི་མཇུག་འབྲས་མེད་པའི་ནད་བབ་ཛ་དྲག་ཆེ་བའི་ནད་པའི་རིགས་ནི་ཐད་ཀར་སྨན་ཁང་གི་བར་བརྒལ་ཁུལ་དུ་སོང་ནས་བྲེལ་མྱུར་སྨན་བཅོས་བྱེད་པ་དང་། དུས་མཚུངས་སུ་སྨན་ཁང་གིས་ཀྱང་གདོད་འགོག་གམ་ཡང་ན་ཉིང་སྐྱུར་བརྟག་འཇལ་བྱས་ཏེ་ནད་པའི་མྱུར་སྐྱོབ་སྨན་བཅོས་དུས་ཚོད་དང་པོའི་ནང་དུ་བྱེད་ཐུབ་པ་ཁག་ཐེག་བྱ་དགོས།

    ལྔ། པྲོག་གསར་ནད་དུག་འགོས་མཁན་གང་དག་ཁྱིམ་དུ་བསྡད་ནས་གསོ་བཅོས་བྱས་ཆོག་གམ།

        རིམ་ཕྱེ་རིགས་དབྱེ་ཡི་སྲོག་སྐྱོབ་སྨན་བཅོས་ལ་མཚོན་ན། ནད་བབ་ཡང་བ་དང་ནད་རྟགས་མི་མངོན་པའི་ནད་དུག་འགོས་མཁན། རྨང་གཞིའི་རང་བཞིན་གྱི་ནད་རྙིང་ཡོད་ཅིང་ནད་བབ་ཅུང་བརྟན་འཇགས་ཡིན་པའི་རིགས་བཅས་ནི་ཁྱིམ་དུ་བསྡད་ནས་གསོ་བཅོས་བྱས་ན་ཆོག་པར་མ་ཟད། ད་དུང་ལོ་ན་མཐོ་བ་དང་འགུལ་སྐྱོད་མི་བདེ་བའི་ནད་དུག་འགོས་མཁན་གྱི་རིགས་ཡིན་ནའང་། ཁྱིམ་དུ་བསྡད་ནས་གསོ་བཅོས་བྱེད་པར་སྐུལ་བ་ཡིན།

        ནད་བབ་ལྕི་ཞིང་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཡོད་པའི་ནད་པའི་རིགས་ཡིན་ན། སྔར་བཞིན་གནས་གཏན་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཏེ་ནད་བབ་ལྕི་བ་དང་ནད་བབ་ལྕི་ཞིང་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཡོད་པའི་ནད་པ་ལ་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་ཁག་ཐེག་བྱེད་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1