ཞི་ཅིན་ཕིང་གིས་རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-13


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་ཡོད་པ་དང་། སློབ་ཚོགས་ཀྱི་བློ་མཐུན་ཡོངས་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་རྒྱལ་ཁབ་ལོ་རྒྱུས་ཀྱི་ཞིབ་འཇུག་ལས་དོན་མི་སྣར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ལྷག་བསམ་དག་པའི་འཚམས་འདྲི་གནང་ཡོད་པ་རེད།

        ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་ནང་། རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་བཙུགས་ནས་ལོ་ངོ་སུམ་ཅུའི་རིང་། ཀྲུང་གོ་གསར་པའི་ལོ་རྒྱུས་ཞིབ་འཇུག་དང་། དྲིལ་བསྒྲགས་སློབ་གསོའི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་འཕུལ་ཡོད་ཅེས་བཏོན་གནང་འདུག

        ཞི་ཅིན་ཕིང་གིས་རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་ཀྱིས་ཏང་གི་ཚོགས་ཆེན་༢༠པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་ཀྱི་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་བྱེད་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དེང་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་དེ་མཛུབ་ཁྲིད་དུ་བྱེད་པ། མུ་མཐུད་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་རྒྱལ་ཁབ་ལོ་རྒྱུས་ཀྱི་ཞིབ་འཇུག་ལས་དོན་པར་སྔར་བས་མཐུན་སྒྲིལ་བྱེད་པ། རྒྱལ་ཁབ་ལོ་རྒྱུས་ཀྱི་བརྗོད་གཙོའི་གཙོ་ཐིག་དང་གཙོ་རྒྱུན་ངོ་བོ་དམ་པོར་བཟུང་བ། ཞིབ་འཇུག་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། དྲིལ་བསྒྲགས་བྱེད་པའི་རྣམ་པ་གསར་གཏོད་བྱེད་པ། སློབ་གསོ་སྐུལ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མི་རྣམས་ཀྱི་ལོ་རྒྱུས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་ཤུགས་ཆེར་གཏོང་བར་སྐུལ་མ་གཏོང་བ། མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་སྟོབས་ཤུགས་སྔར་བས་གཅིག་བསྡུས་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་རེ་བ་བཏོན་གནང་ཡོད།

        སྤྱི་ཚེས་༨ཉིན་གྱི་སྔ་དྲོ། ཀྲུང་གོ་གསར་པའི་ལོ་རྒྱུས་ཀྱི་ཞིབ་འཇུག་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་བཙུགས་ནས་ལོ་ངོ་༣༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་མ་ཟད་གཏམ་བཤད་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་སློབ་སྦྱོར་ལག་བསྟར་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་བེད་སྤྱད་ནས་ཀྲུང་གོ་གསར་པའི་ལོ་རྒྱུས་ཞིབ་འཇུག་ལ་གཅིག་འགྱུར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དངོས་གཙོའི་ལོ་རྒྱུས་ལྟ་བ་དེ་ཞིབ་འཇུག་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ། ཀྲུང་གོའི་ལོ་རྒྱུས་ཡུན་རིང་ལྡན་པའི་ལོ་རྒྱུས་རིག་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རིག་གཞུང་ཚན་ཁག་འཛུགས་སྐྱོང་དང་མི་སྣ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ་བཅས་བྱས་ཏེ། ཀྲུང་གོ་གསར་པའི་ལོ་རྒྱུས་ཞིབ་འཇུག་གི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནས་བབ་ཧྲིལ་པོར་ཞབས་འདེགས་སྔར་ལས་ལྷག་པ་ཞུ་དགོས་ཞེས་གསུངས་ཡོད།

        ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་། སྤྱི་ཚོགས་ཚན་རིག་ཁང་དེང་རབས་ཀྲུང་གོའི་ཞིབ་འཇུག་ཁང་། རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་གནང་ཡོད་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལོ་རྒྱུས་སློབ་ཚོགས་དེ་སྤྱི་ལོ་༡༩༩༢ལོའི་ཟླ་༡༢པར་བཙུགས་ཤིང་། དེ་ནི་རྒྱལ་ཡོངས་ཀྱི་རིག་གཞུང་རང་བཞིན་གྱི་སྤྱི་ཚོགས་སྒྲིག་འཛུགས་ཤིག་ཡིན། སློབ་ཚོགས་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་གྱི་རིགས་གཅིག་མཁས་པ་དང་། རིག་གནས་པ། རྒྱལ་ཁབ་ལོ་རྒྱུས་ལ་ལྷག་བསམ་ཡོད་པའི་མི་སྣ་བཅས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་། དྲིལ་བསྒྲགས། སློབ་གསོ་བཅས་ཀྱི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དེ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1