ལན་ཧྭ་ཆིང་ཝུན་གྱི་རིན་གོང་ཧམ་སྤོར་བྱེད་མཁན་ལ་ཞིབ་གཅོད་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-15


        ཉེ་ཆར། སྨན་རྫས་ཁག་གཅིག་སོགས་རིམས་ནད་དང་འབྲེལ་བ་ཡོད་པའི་དངོས་ཟོག་གི་རིན་གོང་ཧམ་སྤོར་བྱེད་པའི་གནས་ཚུལ་ལ་དམིགས་ཏེ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དྲ་ཐོག་ཚོང་དོན་ལས་སྟེགས་གཙོ་བོར་བྱས་ནས། འབྲེལ་ཡོད་ཀྱི་རིན་གོང་ཧམ་སྤོར་གྱི་ཁུངས་སྣེ་ལ་གཅིག་སྡུད་ཐོག་མཐིལ་རྟོགས་བྱས་པ་དང་། གཙོ་གནད་ཞིང་ཆེན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཞིབ་ཕྲའི་ཁུངས་སྣེ་ལ་རིམ་པ་བཞིན་ཞིབ་དཔྱད་བསྡུར་བཤེར་བྱས་པ་རེད། རིན་གོང་ཧམ་སྤོར་བྱེད་པའི་དོགས་གཞི་ཡོད་པའི་དྲ་ཐོག་སྨན་ཁང་གསར་རྙེད་བྱུང་རྗེས། འབྲེལ་ཡོད་ཞིང་ཆེན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད།

        ས་གནས་ཁག་གི་རིམས་འགོག་སྲིད་ཇུས་རིམ་བཞིན་ཞིབ་ཕྲ་དང་ལེགས་སྒྱུར་བྱུང་བ་དང་ཆབས་ཅིག ལན་ཧྭ་ཆིང་ཝུན་(连花清瘟)སོགས་བྲིན་རྒྱུག་ཆེ་བའི་སྨན་རྫས་ཁག་གཅིག་ཁྲོམ་རར་ཅུང་དཀོན་པའི་སྣང་ཚུལ་ཐོན་ནས། ཁྲིམས་འགལ་གཉེར་སྐྱོང་བ་ཁག་གཅིག་གིས་གོ་སྐབས་དེ་དང་བསྟུན་ནས་རིན་གོང་ཧམ་སྤོར་བྱས་པ་རེད། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དུས་འགོའི་ཁུངས་སྣེ་དང་ཟུང་འབྲེལ་བྱས་ནས། སྟེགས་བུ་མང་པོ་ཞིག་ནས་སྨན་ཚོང་ཁང་མང་པོ་ཞིག་གི་སྤྱི་ཟླ་9པ་ནས་བཟུང་གི་ལན་ཧྭ་ཆིང་ཝུན་(连花清瘟)བྲིན་ཚོང་གཞི་གྲངས་བླངས་པ་མ་ཟད། འབྲེལ་ཡོད་ཞིང་ཆེན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཚོང་ཟོག་འཐེན་འདྲེན་གྱི་རྩིས་ཁྲར་ཞིབ་བཤེར་ཡང་བྱས་པ་རེད། ཞིབ་བཤེར་བྱེད་སྐབས། གཉེར་སྐྱོང་བ་ཁག་གཅིག་གིས་ཉོ་སྒྲུབ་མ་གནས་ལ་འགྱུར་ལྡོག་ཆེན་པོ་མ་བྱུང་བའི་གནས་ཚུལ་འོག སྤྱི་ཟླ་12པའི་ཟླ་འགོར་བྲིན་ཚོང་རིན་གོང་ཆེས་ཆེར་སྤར་བའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། དཔེར་ན་དྲ་ཐོག་སྨན་ཚོང་ཁང་ཞིག་གི་ཕྱིར་ཚོང་གི་ལན་ཧྭ་ཆིང་ཝུན་རིལ་བུ་(连花清瘟颗粒) ཡི་སྤྱི་ཟླ་11པའི་ཉོ་སྒྲུབ་ཀྱི་རིན་གོང་ནི་སྒམ་ཆུང་རེར་སྒོར་23.5ནས་32བར་ཡིན་པ་དང་། བྲིན་ཚོང་རིན་གོང་ནི་སྒོར་26.8ནས་38བར་ཡིན་མོད།  འོན་ཀྱང་སྤྱི་ཟླ་12པའི་ཟླ་འགོ་ནས་བཟུང་མགྱོགས་མྱུར་ངང་འཕར་བ་སྟེ། སྤྱི་ཟླ་12པའི་ཚེས་5ཉིན་བར་སླེབས་དུས་སྒམ་ཆུང་རེར་སྒོར་99བར་འཕར་ཡོད། ད་དུང་དྲ་ཐོག་སྨན་ཚོང་ཁང་ཞིག་གི་ལན་ཧྭ་ཆིང་ཝུན་སྦྱིན་ཐུམ་(连花清瘟胶囊) གྱི་སྤྱི་ཟླ་11པའི་ཉོ་སྒྲུབ་ཀྱི་རིན་གོང་སྒོར་11.5-12.5ཡིན་པ་དང་། བྲིན་ཚོང་རིན་གོང་སྒོར་18.9-33.1ཡིན་པ་རེད། སྤྱི་ཟླ་12པའི་ཟླ་འགོར་ཉོ་སྒྲུབ་རིན་གོང་སྒོར་14.5-22.5བར་ཡིན་པ་དང་། བྲིན་ཚོང་རིན་གོང་སྒམ་ཆུང་རེར་སྒོར་41.9ནས་སྒམ་ཆུང་རེར་སྒོར་88.1བར་འཕར་ཡོད་པ་རེད། གོང་གསལ་གྱི་སྨན་ཚོང་ཁང་གིས་མ་གནས་མངོན་གསལ་དོད་པོས་འཕར་མེད་པའི་གནས་ཚུལ་འོག བྲིན་ཚོང་རིན་གོང་མཐོ་རུ་བཏང་བའམ་ཡང་ན་མ་གནས་འཕར་ཡང་རིན་གོང་འཕར་ཚད་དེ་མ་གནས་འཕར་ཚད་ལས་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད་པས་རིན་གོང་ཧམ་སྤོར་བྱེད་པའི་དོགས་པ་ཡོད་པ་རེད། གོམ་སྟབས་རྗེས་མར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་སྨན་རྫས་སོགས་རིམས་ནད་དང་འབྲེལ་བ་ཡོད་པའི་དངོས་རྫས་ཀྱི་རིན་གོང་འཕེལ་ཕྱོགས་ལ་དོ་སྣང་བྱས་ནས། ས་གནས་ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ལ་དངོས་ཟོག་དཀོན་པོ་ཉར་གསོག་བྱས་ནས་ཕྱིར་ཚོང་དང་རིན་གོང་ཧམ་སྤོར་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། དཔེ་མཚོན་གྱི་གྱོད་གཞི་དུས་ཐོག་དང་དམར་རྗེན་དུ་བཏོན་ནས་རིམས་ནད་དང་འབྲེལ་བ་ཡོད་པའི་དངོས་རྫས་ཀྱི་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1