༄༅།།ཏུན་ཧོང་བོད་ཀྱི་གསོ་རིག་ཡིག་རྙིང་རྒྱ་འགྱུར་མ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 12-21


   སྤྱི་ལོའི་དུས་རབས་ཉི་ཤུ་པའི་དུས་སྟོད་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་མང་པོས་སྔ་གཞུག་ཏུ་ཏུན་ཧོང་བོད་ཀྱི་གསོ་རིག་ཡིག་རྙིངP.T.1057ལེགས་བསྒྲིགས་དང་འབྲུ་འགྲེལ། ལོ་ཙཱ་བཅས་ཀྱི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་དེ། སྤྱི་ལོ1982ལོར་བོད་ལྗོངས་ཚན་རྩལ་དུས་དེབ་ཨང65སྟེང་ཐོག་མར་གསོ་རིག་ཡིག་རྙིངP.T.1057ལོ་ཙཱ་དང་དཔྱད་འགྲེལ་བྱས་ཏེ་བཀོད་ཡོད་པ་དང་། སྤྱི་ལོ1983ལོར་བོད་རིག་པའི་མཁས་མཆོག་དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་བསྒྱུར་འགྲེལ་ཞེས་པའི་ས་བཅད་ལྔ་བར་བོད་ཀྱི་གསོ་རིག་ཤོག་དྲིལ་གསུམ་བཀོད་ཡོད་ལ། དེའི་ནང་དུ་གསོ་རིག་ཡིག་རྙིངP.T.1057ལའང་ལོ་ཙཱ་དང་དཔྱད་འགྲེལ་བྱས་ཡོད། དེ་དང་དུས་མཉམ་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཁས་དབང་ཧོང་པུའུ་ཧྥན་ལགས་ཀྱིས་གསོ་རིག་ཡིག་རྙིངP.T.1057རྒྱ་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་དུ་དཔེ་སྐྲུན་འགྲེམ་སྤེལ་བྱས་ཤིང་བསྡོམས་པས་ཤོག་ངོས13ཡོད་ལ་ཐིག་ཕྲེང208ཡོད། དེའི་ནང་དུ་བརྡ་དོན་མི་གསལ་བ་དང་ཆད་ལྷག་ཡོད་པ་རྣམས་ཁ་གསབ་བྱས་ཏེ་བརྗོད་དོན་མགོ་མཇུག་བར་གསུམ་ཞིབ་གསལ་དོད་པའི་སྒོ་ནས་ལོ་ཙཱ་དང་མཆན་འགྲེལ་བྱས་ཡོད།

        འདིར་གཙོ་བོ་བོད་ཀྱི་སྲོལ་རྒྱུན་གསོ་རིག་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ཏེ་མེད་པ་གསར་དུ་གཏོད་པ་དང་ཡོད་པ་ཁ་གསབ་འཐུས་ཚང་གི་བརྒྱུད་རིམ་ཁྲོད་དུ་བྱུང་ཞིང་མ་ལག་ཆ་ཚང་ཅན་དུ་གྱུར་པ་མཚོན་ལ། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དགོངས་པར་བོད་ཀྱི་གསོ་རིག་དེ་དར་རྒྱས་གོང་འཕེལ་གཏོང་བར་ངེས་པར་དུ་མི་རིགས་རང་ཉིད་ཀྱི་ཤེས་རིག་ལ་བརྟེན་དགོས་པ་མ་ཟད། ད་དུང་མི་རིགས་གཞན་དག་གི་ཕུལ་བྱུང་རིག་གནས་ལ་སློང་སྦྱོང་དང་དེ་དག་གི་ཉིང་ཁུ་བསྡུ་ལེན་བྱེད་རྒྱུ་དེ་བོད་ཀྱི་གསོ་རིག་དར་རྒྱས་གཏོང་བར་ཕན་ཡོད་ཀྱི་དགེ་མཚན་ཆེ་ཞེས་གསུངས་པ་ལས་ཀྱང་རང་གི་ཐུན་མིན་གྱི་ནད་ཐོག་ལག་ལེན་དང་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་དུ་རྒྱ་གར་དང་རྒྱ་ནག །བལ་པོ། ཏ་ཟིག །ཁ་ཆེ་སོགས་ཕྱོགས་སོ་སོའི་གསོ་རིག་གི་ཉིང་བཅུད་བསྡུ་ལེན་བྱས་ཏེ་ཚད་ལྡན་འཕེལ་རྒྱས་ཕྱིན་པའི་འགྱུར་མེད་ཀྱི་བདེན་དཔང་ཡིན་པའང་བསྙོན་དུ་མེད།

གཉིས་པ། ཏུན་ཧོང་བོད་ཀྱི་གསོ་རིག་ཡིག་རྙིངP.T.1057རྒྱ་འགྱུར་མའི་གཤིབ་བསྡུར།

        བོད་ཀྱི་གསོ་རིག་ཡིག་རྙིངP.T.1057རྒྱ་འགྱུར་མའི་བརྡ་ཆད་ལོ་ཙཱ་བྱེད་པར་དཀའ་ལས་གང་རུང་བྱུང་སྲིད་མོད། བོད་ཀྱི་ལོ་ཙཱའི་གཞུང་ལུགས་མཐའ་དཔྱོད་སྐད་གཉིས་སྨྲ་བའི་འཇུག་སྒོ་ལས། ཚན་རྩལ་ལོ་ཙཱའི་སྐབས་སུ་ཆེས་དཀའ་ཚེགས་ཆེ་བ་ནི་ཆེད་ལས་སྐོར་གྱི་བརྡ་ཆད་མང་པོ་བསྒྱུར་རྒྱུ་དེ་ཡིན་ལ། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱ་བ་མང་པོ་ཞིག་གིས་ཚན་རྩལ་ལོ་ཙཱའི་དཀའ་བ་རྣམ་གསུམ་ཞེས་མ་ཡིག་གོ་བ་ལོན་དཀའ་བ། འགྱུར་ཡིག་གིས་ཇི་བཞིན་མཚོན་དཀའ་བ། ཆེད་ལས་ཤེས་བྱ་གོ་དཀའ་བ་ཞེས་སྤྱི་བསྡོམས་མཛད་པའང་མཐར་གཏུགས་ན་ཚན་རྩལ་རྩོམ་རིགས་ལོ་ཙཱར་ཆེད་དུ་ལྡན་པའི་དཀའ་ཁག་ལ་དམིགས་པ་དང་། དེ་ལས་ཀྱང་གཙོ་ཆེ་བ་ཚན་རྩལ་བརྡ་ཆད་ཀྱི་སྐོར་བསྒྱུར་དཀའ་བ་དེར་བརྗོད་པ་ཡིན་ཞེས་གསུངས་པ་ལྟར། སྤྱིར་ཚན་རྩལ་ལོ་ཙཱའི་སྐབས་ཆེད་ལས་ཀྱི་ཤེས་བྱའི་བཀག་རྒྱ་ཆེ་བ་དང་། ལྷག་པར་གསོ་རིག་བརྡ་ཆད་ལོ་ཙཱ་བྱ་རྒྱུ་ནི་དེ་ལས་ཀྱང་ལས་ཁག་པོ་ཞིག་ཡིན་པ་ཤུགས་སུ་རྟོགས་ནུས། དེའི་ཕྱིར་ཁོ་བོས་འདིར་གསོ་རིག་བརྡ་ཆད་ཀྱང་གནད་ཆེན་པོ་གསུམ་གྱི་སྒོ་ནས་དཔྱད་བསྡུར་བྱས་པ་ལ། གཅིག་ནི་གནའ་རབས་བོད་ཀྱི་གསོ་རིག་བརྡ་ཆད་ཤེས་རྟོགས་དཀའ་བའི་བཀག་རྒྱ་ངེས་ཅན་ཞིག་མཆིས་པ། གཉིས་ནི་མ་ཡིག་གི་བརྡ་ཆད་གསོ་རིག་ཡིག་རྙིང་ཡིན་པས་གོ་བ་གསལ་པོ་རྙེད་ཁག་པ། གསུམ་ནི་འགྱུར་ཡིག་བརྡ་ཆད་ཀྱིས་སྨན་མིང་བརྡ་ཆད་ཀྱི་དོན་ཇི་བཞིན་མཚོན་དཀའ་བས་སྐུ་ཞབས་ཧོང་པུའུ་ཧྥན་དང་དབང་རྒྱལ་གཉིས་ཀྱི་འགྱུར་ལ་མངོན་གསལ་གྱི་ལེགས་ཉེས་བྱུང་བ་གཤམ་གསལ་ལྟར།

           1.གནའ་རབས་བོད་ཀྱི་གསོ་རིག་བརྡ་ཆད་ཤེས་རྟོགས་དཀའ་བའི་བཀག་རྒྱ་ངེས་ཅན་ཞིག་མཆིས་པ།

        ཏུན་ཧོང་བོད་གསོ་རིག་ཡིག་རྙིངP.T.1057ནི་དུས་རབས་བརྒྱད་པ་དང་དགུ་བའི་བར་སྐབས་ཀྱི་གསོ་རིག་ཡིག་རྙིང་ཞིག་ཡིན་པས་ཐོག་མའི་རྨང་གཞི་ནི་གསོ་རིག་བརྡ་རྙིང་ལ་ངེས་ཤེས་ཟབ་མོ་དགོས་ལ། ནང་དོན་གྱི་ཆ་ནས་བཙན་པོའི་དུས་སྐབས་ཀྱི་དངོས་ཡོད་སྤྱི་ཚོགས་ཁྲོད་བྱུང་བའི་ནད་རིགས་ལ་བརྟག་ཐབས་དང་སྨན་དཔྱད་གསོ་བཅོས་ཀྱི་གཞུང་ཡིན་པས་བོད་ལུགས་གསོ་རིག་གི་རྨང་གཞིའི་གཞུང་ལུགས་དང་ནད་ཐོག་ལག་ལེན་གྱི་ཆུ་ཚད་ངེས་ཅན་ཞིག་འཛོམས་དགོས། དཔེར་ན། མྱི་བྲོ་མཚལོ་འཚལ་གྱི་སྨན་དཔྱད་དཔེ་ཕྱག་སྦལ་ལས་བླངས་པ་ཞེས་པར་སྤྱིར་བྲོ་ནི་བདེན་པ་དཔང་དུ་བཞག་པའི་མནའ་ཡི་དོན་ལ་ཟེར་ཞིང་བྲོ་བོར་བ་ནི་མནའ་བསྐྱལ་བའི་དོན་དང་། བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་ལས། བྲོ་འདོར་འདོར་བ་ནི་མནའ་ཡང་ཡང་དུ་བསྐྱལ་བའི་དོན་ཞེས་གསུངས་ཡོད་ཀྱང་། སྐབས་འདིར་བྲོ་ནི་མནའ་ཡི་དོན་དུ་མི་འཇུག་པར་ནད་མིང་ལ་འཇུག་སྟེ། བྲོ་འཚལ་ཞེས་པ་ནི་ན་བའི་དོན་ལ་འཇུག་པ་དང་། དུང་དཀར་ཚིག་མཛོད་ཆེན་མོ་ལས། བྲོ་འཚལ་བ་ནི་ནད་ཀྱིས་མནར་བའམ་ནད་ཕོག་པ་ཞེས་པའི་དོན་ལ་འཇུག་པས་བརྡ་རྙིང་གི་ངེས་ཤེས་ཟབ་མོ་མེད་ན་སྐབས་བསྟུན་གྱི་བརྗོད་དོན་རྟོགས་པར་དཀའ། འགྱུར་གྱི་ཐད་ནས་སྐུ་ཞབས་ཧོང་པུའུ་ཧྥན་ལགས་ཀྱིས་ཐད་བསྒྱུར་དང་དོན་བསྒྱུར། སྣོན་བསྒྱུར་བཅས་མཉམ་བསྲེས་ཀྱི་སྒོ་ནས་བརྡ་དོན་རེ་རེ་བཞིན་འགྲེལ་ཏེ་བསྒྱུར་ཡོད་པ་ཁ་གསལ་ཞིང་གོ་བདེ་ལ་དོན་གྱི་ཁྱད་ཆོས་དང་མཐུན་པར་སྙམ། སྐུ་ཞབས་དབང་རྒྱལ་ལགས་གྱིས་དོན་བསྒྱུར་དང་འཕྲི་བསྒྱུར་བྱས་ཏེ་བརྡ་དོན་གསལ་པོ་རྟོགས་དཀའ་བ་དང་འབྲུ་འགྲེལ་ཡང་དག་རྙེད་ཁག་པ། བསྡུས་བརྗོད་ཅུང་ཤས་ཆེ་བས་གསོ་རིག་བརྡ་ཆད་ཀྱི་ཚིག་དོན་རེ་རེ་བཞིན་གོ་བ་སོ་སོར་རྙེད་ཁག་པའི་བཀག་རྒྱ་མཆིས།

        2.མ་ཡིག་གི་བརྡ་ཆད་གསོ་རིག་ཡིག་རྙིང་ཡིན་པས་གོ་བ་གསལ་པོ་རྙེད་ཁག་པ།

        གསོ་རིག་ཡིག་རྙིང་འདི་ལ་སྐབས་དེའི་ཁ་སྐད་ཀྱི་ཤན་ཞུགས་ཡོད་པས་ཚིག་དོན་གྱི་སྦྱོར་བ་རྟོགས་དཀའ་བ་དང་། བཀས་བཅད་གསུམ་པ་མ་བྱས་ཡར་སྔོན་གྱི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལྡན་པས་བརྡ་སྤྲོད་གཞུང་གི་རྨང་གཞི་བརྟན་པོ་དགོས་པ། དཔེར་ན། མྱི་ཞིག་སྨོན་ཁྲག་བྱུང་སྟེ་གཅདུ་མྱི་རུང་བ་ལ་བལ་ཐག་གིས་མཇིབདང་མཐེ་བོ་ཆནུ་གཉིས་དམ་དུ་ལྟག་པའི་ཀུང་ཀུང་དུ་མཆིལམས་བཏབ་སྟེ་ཞེས་པར་སྐུ་ཞབས་ཧོང་པུའུ་ཧྥན་གྱིས་ཐད་བསྒྱུར་གཙོ་བོར་བཟུང་སྟེ་གསོ་རིག་གི་བརྡ་དོན་རེ་རེའི་གནད་ལ་བརྟག་ནས་དོན་བསྒྱུར་དང་བསྲེས་ཏེ་བསྒྱུར་ཡོད། སྐུ་ཞབས་དབང་རྒྱལ་ལགས་ཀྱིས་དོན་བསྒྱུར་གཙོ་བོར་བཟུང་སྟེ་ཐད་བསྒྱུར་དང་བསྲེས་ནས་ཚིག་དོན་གྱི་བརྗོད་བྱ་གསོ་རིག་དང་འབྲེལ་ཏེ་དཔྱད་ཡོད། འདིར་སྐུ་ཞབས་ཧོང་པུའུ་ཧྥན་གྱིས་སྨོན་ཁྲག་ནི་སྣ་ཁྲག་ཡིན་ནམ་སྙམ་ཞེས་སྣ་ཁྲག་གི་དོན་ལྟར་བསྒྱུར་ལ། སྐུ་ཞབས་དབང་རྒྱལ་ལགས་ཀྱིས་ལུས་ཀྱི་གནས་གང་རུང་ཞིག་ལ་མཚོན་གྱིས་རྨས་པའམ་རང་བཞིན་གྱིས་བྱུང་བའི་ཁྲག་ལ་དགོངས། འོན་ཀྱང་དུང་དཀར་ཚིག་མཛོད་ཆེན་མོ་ལས། སྨོན་ཁྲག་ནི་སྣ་ཁྲག་གི་དོན་ལ་འཇུག་ཅེས་གསུངས་ཡོད་པ་དང་། ཚིག་མཛོད། བཙན་པོའི་དུས་ཀྱི་ཡིག་རྙིང་སྐོར་ལས། སྣ་ཁྲག་ཡིན་ནམ་སྙམ། སྣ་ཁྲག་མ་ཆོད་ན། བོད་ཀྱི་དམངས་ཁྲོད་དུ་སྲིན་ལག་གི་རྩ་བ་སྲད་བུ་དམར་པོས་བཅིངས་པ་དང་སྨན་སྔགས་བྱ་བ་སོགས་རྟེན་འབྲེལ་མན་ངག་ལག་ཐབས་དང་ཟུང་འབྲེལ་བྱེད་པའི་བཅོས་ཐབས་ཡོད་ལ། རྒྱ་ནག་གི་དམངས་ཁྲོད་དུ་གོང་མཛུབ་སྐུད་པས་བཅིངས་པའི་ཐབས་ཀྱང་ཡོད་ཅེས་གསུངས་པས། འདིར་སྨོན་ཁྲག་ནི་སྣ་ཁྲག་ལྟར་དུ་བསྒྱུར་ན་ལེགས་སྙམ། དེ་ལས་གཞན་ཁ་སྐད་ཀྱི་བརྡའི་ཤན་ཞུགས་པའི་བརྡ་ཆད་ཆནུ་ཞེས་པར་སྐུ་ཞབས་ཧོང་པུའུ་ཧྥན་གྱིས་ཆ་ཡའི་ཆ་ལ་འགྲེལ་ནས་བརྗོད་ཡོད་ལ། སྐུ་ཞབས་དབང་རྒྱལ་གྱིས་མཐེ་བོང་དང་མཐེའུ་ཆུང་ལ་འགྲེལ་ཏེ་བརྗོད་ཡོད། འོན་ཏེ་དུང་དཀར་ཚིག་མཛོད་ཆེན་མོ་ལས། ཆ་ནུ་ནི་ཆའོ་ཞེས་འགྲེལ་ཡོད་ལ། ཚིག་མཛོད། བཙན་པོའི་དུས་ཀྱི་ཡིག་རྙིང་སྐོར་ལས། མཐེ་བོང་གཉིས་ཀ་ཞེས་ཆ་སྟོན་པའི་ཚུལ་དུ་འགྲེལ་བས་སྐུ་ཞབས་ཧོང་པུའུ་ཧྥན་གྱི་དགོངས་པ་ལྟར་དོན་གྱི་བརྗོད་བྱ་དང་མཐུན་པར་སྙམ། མདོར་ན་གསོ་རིག་ཡིག་རྙིང་འདི་ནི་བཀས་བཅད་གཉིས་པའི་རྗེས་ཀྱི་བརྡའི་སྦྱོར་སྲོལ་ལྟར་ཡིན་པས་ད་ལྟའི་བརྡ་སྤྲོད་ཀྱི་སྦྱོར་ཚུལ་ཁྱད་ཆོས་དང་ཁ་ཐག་རིང་ལ། ཚིག་དོན་གྱི་སྦྱོར་བ་རྟོགས་དཀའ་ཞིང་སྐབས་དེའི་ཁ་སྐད་དང་ཡུལ་སྲོལ་སོགས་ཀྱི་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པས། སྐབས་སྐབས་སུ་བརྗོད་དོན་ལ་གཞིགས་ནས་བརྡ་ཆད་རེ་རེའི་དོན་གྱི་འགྲེལ་བ་ཡང་དག་ཚོད་དཔག་བྱེད་པ་ལས་གཞན་བརྡ་དོན་གསལ་པོ་གྲོལ་དཀའ།

གསུམ། འགྱུར་ཡིག་བརྡ་ཆད་ཀྱིས་སྨན་མིང་བརྡ་ཆད་ཀྱི་དོན་ཇི་བཞིན་མཚོན་དཀའ་བ།

        འདིར་སྐུ་ཞབས་ཧོང་པུའུ་ཧྥན་དང་དབང་རྒྱལ་གཉིས་ཀྱིས་སྨན་དཔྱད་སྐོར་གྱི་བརྡ་ཆད་ལོ་ཙཱ་བྱེད་སྐབས་སྨན་མིང་བརྡ་ཆད་ཀྱི་དོན་རང་བཞིན་དྲང་པོའི་སྒོ་ནས་ཇི་ལྟར་ཡིན་པ་དེ་ལྟར་དུ་མཚོན་ཅི་ཐུབ་དང་། སྨན་དཔྱད་ཀྱི་འགྱུར་ཡང་གཞུང་གི་རྩ་བའི་ཁྱད་ཆོས་མ་ཉམས་པར་བྱས་ཏེ། མ་ཡིག་གི་ཆེད་ལས་བརྡ་ཆད་དང་ནོར་འཛོལ་མེད་པར་མཚོན་ཅི་ནུས་བྱས་ཡོད། དཔེར་ན། སྨན་མིང་བརྡ་ཆད་ལས་མྱི་ལྷ་གོར་དང་ལྷ་ཡར་གྱིས་བཏབ་སྟེ་ལྒོག་མ་ན་བ་ལ་།སྤྱང་ཚེར་གྱི་རྩ་བ་དང་སྤང་ཕྲོམ་གྱི་རྩ་བ་དང་། །གླང་ག་རྭ་དང་རྣ་བའི་རྭ་དང་རའ་རྭ་དང་རྟའི་རྨྱིག་པ་དང་། དེ་རྣམས་གྱི་སྐྱེན་དུ་བསྐོངས་། རྣག་དུ་ཁྱིམས་མྱི་སྲིདོ་ཞེས་པར་སྐུ་ཞབས་ཧོང་པུའུ་ཧྥན་གྱིས་ཐད་བསྒྱུར་དང་དོན་བསྒྱུར་བསྲེས་ནས་བསྒྱུར་ཡོད་པ་དང་། སྐུ་ཞབས་དབང་རྒྱལ་ལགས་ཀྱིས་ཐད་བསྒྱུར་གཙོ་བྱས་ཏེ་དོན་བསྒྱུར་དང་བསྲེས་ནས་བསྒྱུར་ཡོད། འདིར་སྐུ་ཞབས་ཧོང་པུའུ་ཧྥན་གྱིས་སྤྱང་ཚེར་ནི་སྔོ་སྨན་རིགས་ཤིག སྤྱང་ཚེར་དཀར་པོ་དང་། ཚེར་སྦོམ་སྤྱང་ཚེར་ནག་པོ། ཚེར་ཉུང་སྤྱང་ཚེར་སོགས་རིགས་སྣ་ཚོགས་ཡོད་པ་ཞེས་འགྲེལ་ཡོད་ལ། བོད་ཀྱི་གསོ་རིག་ཚིག་མཛོད་རབ་གསལ་མེ་ལོང་ལས། སྤྱང་ཚེར་ནི་ཐང་སྨན་གྱི་རིགས་ཤིག་སྟེ། རོ་མངར་ལ་བསྐ་བ། ནུས་པས་བད་ཀན་ནད་རྣམས་གྱེན་འདྲེན་འབྲས་དང་སྐྲངས་པ་འདུལ་ཞེས་པ་འདི་ལ་སྤྱང་ཚེར་དཀར་ནག་གཉིས་ཡོད་ལ་དཀར་པོའི་མིང་ལ་བྱ་ཏྲ་པད་ཟེར་རོ། །འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། སྤྱང་ཚེར་ལ་བྱ་ཏྲ་པད་ཅེས་བྱ་བ་ནི། །རི་ཐང་མ་ངེས་གྲམ་ལའང་སྐྱེ། །སྡོང་པོ་ཁོང་སྟོང་དཀར་ཟླུམ་དྲང་། །ལོ་མ་ཚེར་མའི་བ་སོ་ཅན། །མེ་ཏོག་དཀར་པོ་ཚེར་མའི་གོས། །ཕུང་པོ་ཟྭ་ཙམ་ཡོང་བ་ཡིན། །རྩ་བ་ར་རོགས་སུག་པ་འདྲ། །སྐྱུགས་སྨན་ཀུན་གྱི་ཡ་བ་ཡིན་ཞེས་གསུངས་ཡོད་ལ། ཤེལ་གོང་ཤེལ་ཕྲེང་ལས། སྡོང་བུ་ཁོང་སྟོང་ཚིགས་པར་ལོ་མ་མེ་ཏོག་གི་གདེངས་ཀ་ཡོད་པ་ལོ་མ་ཉག་ག་ཅན་ཚེར་མའི་ཁ་སོ་རྣོ་ལ་རྩུབ་པ། རྩེ་མོ་ཚེར་མ་རྦོད་ཀར་བཅད་པ་ནས་མེ་ཏོག་དོན་པའོ་ཞེས་གསུངས་ཡོད་པས་སྤྱང་ཚེར་དཀར་ནག་གང་ལ་གཞིགས་ཀྱང་ སྨན་རྫས་རིག་པའི་ལུགས་དང་མཐུན་པར་སྙམ། སྤང་ཁྲོམ་མམ་ཐང་ཕྲོམ་ལ་བོད་ཀྱི་གསོ་རིག་ཚིག་མཛོད་རབ་གསལ་མེ་ལོང་ལས། ཐང་སྨན་ཞིག་སྟེ། རོ་ཚ་ལ་ཁ་བ། ནུས་པ་བསིལ་ཞིང་རྩུབ་ལ་རྣོ་བ། རང་གི་ནུས་པས་གཉན་ནད་གག་ལྷོག་འཇོམས་ཤིང་། སྲིན་གསོད་རོ་ཙ་ཉམས་པ་གསོ་བར་བྱེད་ཅེས་གསུངས་ཡོད་ལ། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། གངས་ཀྱི་ཐང་ཕྲོམ་བྱ་བ་ནི། །གཡའ་རི་སྤང་མཚམས་ལ་ཁར་སྐྱེ། །རྩ་བ་སྦོམ་ལ་སྡོང་པོ་མེད། །ལོ་མ་གཉེར་མཐུག་ས་གཞི་མནན། །མེ་ཏོག་དཀར་ལ་སེར་ཁ་ཅན། །གོང་བུ་རས་དཀར་ཁུག་མ་འདྲ། །འབྲས་བུ་ནག་ཞིབ་མཁལ་མའི་དབྱིབས། །སྣུམ་པའི་རང་བཞིན་སྨིན་པ་ཡིན། ནུས་པས་གཉན་ནང་གག་ལྷོག་འཇོམས། །ཞེས་གསུངས་ཡོད་པས། འདིར་བརྗོད་དོན་དང་ནད་ཀྱི་ངོ་བོ་ཁྱད་ཆོས་ལ་གཞིགས་ན་སྨན་སྦྱོར་རིག་པའི་ལུགས་དང་མཐུན་ལ་བརྡ་ཆད་འགྱུར་གྱི་དོན་དང་ཡང་མི་འགལ་བར་སྙམ། དེ་ཕྱིར་ཏུན་ཧོང་བོད་ཀྱི་གསོ་རིག་ཡིག་རྙིང་གི་བརྡ་ཆད་ཀྱི་རང་བཞིན་དང་ངོ་བོ། ཁྱད་ཆོས། ཆོས་ཉིད་བཅས་ལ་གསལ་བོ་ཞིག་མ་བརྟག་མ་དཔྱད་པར་ཀྲུང་ལུགས་གསོ་རིག་དང་དེང་རབས་གསོ་རིག་ཅི་བཞིན་མཚོན་པར་བྱས་ཚེ་བརྡ་དོན་གྱི་ནོར་འཛོལ་འཕེལ་བ་ལས་གཞན་ཡང་དག་ཚད་ལྡན་གྱི་བརྡ་དོན་རྙེད་ཐབས་བྲལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1