མཛོད་དགེའི་མཚོ་ཁྲར་ཕ་བུ་གཉིས་ཀྱིས་ཁྲུང་ཁྲུང་སྐེ་ནག་སྲུང་བཞིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 12-23


        ཟླ་10པའི་ཚེས་12ཉིན།  སི་ཁྲོན་མཛོད་དགེ་ན་འདམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ།  ན་ཚོད37ལ་སོན་པའི་སྐོར་སྲུང་བ་རིན་ཆེན་རྡོ་རྗེས་སྦག་སྦག་འཁོར་ལོ་བཞོན་ཏེ། མཚོ་ཁྲར་བསྐྱོད་ནས་ཉིན་གཅིག་གི་སྐོར་སྲུང་ལས་འགོ་བརྩམས།

        ཉིན་འགའི་སྔོན་སྐོར་ཞིབ་བྱེད་སྐབས།  ངས་ཁྲུང་ཁྲུབ་སྐེ་ནག༣རིག་བྱུང་། ད་ལྟར་རིན་ཆེན་རྡོ་རྗེ་ནི་ཁྲུང་ཁྲུང་སྐེ་ནག་གི་གོམས་གཤིས་ལ་རྒྱུས་མངའ་ཤིན་ཏུ་ཆེ།  ཟླ་འདིའི་ཟླ་མཇུག་དང་ཟླ་རྗེས་མའི་ཟླ་མགོར།  ཁྲུང་ཁྲུང་སྐེ་ནག་འདི་དག་གཅིག་རྗེས་གཉིས་མཐུད་དུ་ཡུན་ནན་དུ་དགུན་བརྒལ་བར་འཕུར་རྒྱུ་རེད།  ལོ་རྗེས་མའི་ཟླ3པར་སླར་ཡང་མཛོད་དགེར་ལོག་ཡོང་།  འདི་ཚང་མ་ཨ་ཕས་ང་ལ་བསླབ་པ་ཡིན།

        རིན་ཆེན་རྡོ་རྗེའི་ཨ་ཕའི་མིང་ལ་རིག་ཁོ་ཟེར།  ཁོ་ནི་དེ་སྔའི་སི་ཁྲོན་མཛོད་དགེ་ན་འདམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་བ་ཡིན།  2018ལོའི་ཟླ3པའི་ཚེས14ཉིན་གྱི་ཞོགས་པར།  རིག་ཁོ་སྐོར་སྲུང་ཁང་དུ་གཉིད་བཞིན་པའི་སྐབས་སུ་ཁྲུང་ཁྲུང་སྐེ་ནག་གི་འབོད་སྒྲས་གཉིད་ལས་བསླངས།  དེ་ནི་ཁོ་དང་ཁྲུང་ཁྲུང་སྐེ་ནག་གཉིས་ཕན་ཚུན་ཉེ་སར་བཅར་ཐེངས་དང་པོ་ཡིན། དེ་ནས་ཁྲུང་ཁྲུང་སྐེ་ནག་ལོ་རེ་བཞིན་ཕྱིར་ལོག་སྐབས་ཁོ་ལ་བརྡ་གཏོང།  ང་ཚོ་ད་ལྟ་གྲོགས་པོ་བཟང་བོར་གྱུར་ཞིང་། ངས་ད་དུང་ཁྲུང་ཁྲུང་སྐེ་ནག་ལ་ཁྲུང་ཕྲུག་ལེན་རོགས་བྱེས་མྱོང་ཞེས། རིག་ཁོ་འཛུམ་དང་བཅས་བཤད།

       2020ལོར་ཁྲུང་ཁྲུང་སྐེ་ནག་བཟའ་ཚང་འདི་མཛོད་དགེའི་མཚོ་ཁྲར་ཡོང་སྟེ་ཁྲུང་ཕྲུག་བཙས།  སྲོག་ཆགས་ཀྱིས་ཁྲུང་ཕྲུག་རྐུ་བར་གཡོལ་ཆེད་རིག་ཁོས་རྒྱུན་དུ་སྒོང་རུམ་གྱི་ཁྲུང་ཁྲུང་སྐེ་ནག་ལ་ལྟ་སྐྱོང་གནང་བས། རིག་ཁོའི་སེམས་བཟང་བོ་ཚོར་བ་ལྟར།  ཁོ་ཁྲུང་ཁྲུང་སྐེ་ནག་ལ་བཅར་ན་དངངས་འཚབ་མི་སྐྱེས་ཤིང་།  པར་སོགས་བསྐྱོན་ནའང་སྣང་དོ་མི་བྱེད།  ན་ནིང་གི་ཟླ3པའི་ཚེས17ཉིན།  ཁྲུང་ཁྲུང་སྐེ་ནག་བཟའ་ཚང་འདིས་ད་དུང་ཁྲུང་ཕྲུག་ཁྲིད་དེ་མཛོད་དགེར་ལོག་སྟེ།  བཟའ་མི་གསུམ་གྱིས་སྐོར་སྲུང་ཁང་གི་ཕྱིར་རིག་ཁོ་ལ་སླེབས་བརྡ་བཏང་།

        རིག་ཁོར་མཚོན་ན་ཁྲུང་ཁྲུང་སྐེ་ནག་ལེགས་པར་སྲུང་རྒྱུ་ནི།  མཛོད་དགེའི་མཚོ་ཁྲའི་ན་འདམ་ལེགས་པར་སྲུང་བ་དེ་རེད།

        མཚོ་ཁྲའི་ན་འདམ་ནི་རང་རེའི་རྒྱལ་ཁབ་ཀྱི་ཁྲུང་ཁྲུང་སྐེ་ནག་གི་འཚོ་སྡོད་བྱེད་ཡུལ་ཆེ་ཤོས་ཡིན།  མཚོ་ཁྲའི་ཆུ་ནི་རྨེ་ཆུར་བཞུར་ཏེ་རྨ་ཆུའི་གཞུང་རྒྱུན་དང་འདྲེས་ཤིང་།  རྨ་ཆུའི་རང་བྱུང་གི་ཆུ་རྫིང་ཡང་ཡིན།  གཞི་གྲངས་ལྟར་ན་མཚོ་ཁྲས་ལོ་རེ་བཞིན་རྨ་ཆུར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར44ཡས་མས་ཀྱི་ཆུ་གསབ་འདོན་སྤྲོད་བྱེད་བཞིན་པས།  རྨ་ཆུའི་ལོ་མང་རིང་གི་ཆ་སྙོམས་རང་བྱུང་བཞུར་རྒྱུན་གྱི་བརྒྱ་ཆ7.58ཟིན།

        དུས་རབས་གོང་མའི་ལོ་རབས60ནས70བར།  མཚོ་ཁྲའི་ཉེ་འཁོར་ས་ཁོངས་སུ་ཡུར་བ་དྲངས་པ་དང་རྩྭ་ར་གཙོ་བོར་བཟུང་བ་སོགས་ཀྱི་དབང་གིས།  མཚོ་ཁྲའི་ཁྱབ་ཁོངས་ཀྱི་ཆུ་གནས་ཐོལ་གྱིས་མར་བབས་ཤིང་ཆུ་ཁོངས་ཀྱི་རྒྱ་ཁྱོན་མྱུར་བར་ཇེ་ཆུང་དུ་སོང་བས།  མཚོ་ཁྲའི་རྒྱ་ཁྱོན་ནི་སྐབས་ཤིག་ལ་སྤྱི་ཆིང༢༡༥ལ་ཆགས།

        2010ལོ་ནས་བཟུང་སི་ཁྲོན་མཛོད་དགེ་ན་འདམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་མཚོ་ཁྲའི་ན་འདམ་སླར་གསོ་ཚོད་ལྟའི་ལས་གཞི་ལག་བསྟར་བྱེད་འགོ་བརྩམས། ང་ཚོས་མཚོ་ཁྲའི་འབབ་ཆུའི་བཞུར་སྒོ་བརྒྱུད་དེ་ཁོར་སྲུང་རྣམ་པའི་ཆུ་རགས་སྨི1740བསྐྲུན་ཏེ།  མཚོ་ཆུ་སྲུང་འཛིན་གྱིས་ཆུ་གནས་ལི་སྨི30ལ་མཐོར་བཏང་ཞེས།  ཅུས་ཀྲང་ཏན་ཞིའུ་ཡིས་ཕན་འབྲས་ནི་སྔོན་བཀོད་དམིགས་འབེན་ལས་བཟང་།  མཚོ་ཁྲའི་ཆུ་གནས་རིམ་བཞིན་ཇེ་མཐོར་སོང་བས། ཚང་མས་ཀྱང་ངེས་པར་མཚོ་ཁྲའི་སྐྱེ་ཁམས་སྲུང་འཛིན་མཐར་ཕྱིན་བྱེད་དགོས་པར་ཚོར་བྱུང་།

        དེའི་ཆེད་དུ་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་ཁ་གཏད་རང་བཞིན་གྱིས་ལྟེ་བ་ཁུལ་གྱི་འབྲོག་དུད་ལ་ཐེངས་གཅིག་རང་བཞིན་གྱི་གསབ་དངུལ་དང་དུས་ཚིགས་རང་བཞིན་གྱི་ཕྱུགས་སྐྱུང་ན་གསོའི་གསབ་དངུལ།  ཕྱུགས་འགོག་ན་གསོའི་གསབ་དངུལ།  རྩྭ་ཕྱུགས་དོ་སྙོམས་གསབ་དངུལ་བཅས་བྱེད་ཐབས4ལག་བསྟར་སྒོས།  ན་འདམ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་བཏང་།

        ད་ལྟར་མཚོ་ཁྲའི་རྒྱ་ཁྱོན་ནི་སྤྱི་ཆིང650ལ་རྒྱ་བསྐྱེད་ཅིང་།  མཚོ་ཁྲའི་ན་འདམ་དང་ཉེ་འཁོར་གྱི་ན་འདམ་ཕྱེད་མ་དང་འདམ་རྫབ་སྐམ་པོ་བཅས་སྤྱི་ཆིང892སླར་གསོ་གནང་།  མཚོ་ཁྲའི་ཁོར་ཡུག་ཇེ་ལེགས་སུ་སོང་བས།  དུས་བྱ་མང་བོའི་འཚོ་སྡོད་སྐྱེ་འཕེལ་དང་དགུན་བརྒལ་གྱི་ས་ཁོངས་གལ་ཆེན་དུ་གྱུར།

        ད་ལྟར་རིག་ཁོའི་ན་ཚོད་རྒས་ཟིན་པས།  ཁོའི་བུ་ཚ་རིན་ཆེན་རྡོ་རྗེས་སྐོར་སྲུང་གི་རྒྱུན་བསྐྱངས་ཏེ།  ཨ་ཕ་དང་མཉམ་དུ་མཚོ་ཁྲ་སྲུང་སྐྱོང་དང་། འདིར་འཚོ་བའི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་གནང་།  འབྱུང་འགྱུར་གྱི་མཚོ་ཁྲ་སྔར་ལས་མཛེས་སྲིད་ལ། ཁྲུང་ཁྲུང་སྐེ་ནག་ཀྱང་ཇེ་མང་ནས་ཇེ་ནང་དུ་འགྲོ་སྲིད་ཅེས་རིན་ཆེན་རྡོ་རྗེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1