དུས་རབས་གསར་པའི་ཀྲུང་གོའི་རྩ་ཁྲིམས་ལག་ལེན་གྱི་ལེའུ་གསར་པ་རྩོམ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-23



དུས་རབས་གསར་པའི་ཀྲུང་གོའི་རྩ་ཁྲིམས་ལག་ལེན་གྱི་ལེའུ་གསར་པ་རྩོམ་དགོས།

—— ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་ངོ་40འཁོར་བར་དྲན་གསོ་ཞུ།

ཞི་ཅིན་ཕིང་།

        འདི་ལོ་ནི་རང་རྒྱལ་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་ངོ་40འཁོར་ཡོད། ལོ་40ཡི་རིང་། ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་ཤུགས་སྣོན་བརྒྱབ་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་བ་དང་འགན་ལེན་བྱས་ཡོད། ང་ཚོས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་40འཁོར་བ་གོ་སྐབས་སུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱས་ཏེ་རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྩ་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏོང་བ། རྒྱལ་སྐྱོང་སྲིད་གཉེར་ཁྲོད་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་དེ་བས་འདོན་སྤེལ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས།

        རྩ་ཁྲིམས་གཏན་འཁེལ་དང་ལག་བསྟར་བྱེད་པ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་དང་། མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཉེ་རབས་ཚུན་དུ། ཀྲུང་གོ་མི་དམངས་ཀྱིས་དཀའ་ཚེགས་ཆེན་པོས་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏོང་བའི་ལམ་བུ་འཚོལ་ཞིབ་བྱས་ཡོད། ཆབ་སྲིད་ཕྱོགས་གཏོགས་ལ་ལས་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་བྱེད་ཐབས་གཞིར་བཟུང་རང་རྒྱལ་གྱི་བཀས་བཀོད་རྒྱུད་འཛིན་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་འགྱུར་ལྡོག་གཏོང་རྒྱུའི་རེ་ངན་བཅངས་པ་ཚང་མ་ཕམ་ཉེས་བྱུང་བའི་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་ཀྲུང་གོའི་ལོ་རྒྱུས་ཀྱི་གར་སྟེགས་སུ་འཛེགས་རྗེས། དཀའ་སྤྱད་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། ཀྲུང་ཧྭ་ས་གཞི་ཆེ་མོར་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མངོན་གསལ་དོད་པའི་རྩ་ཁྲིམས་དང་དོན་སྙིང་ངོ་མ་ལྡན་པའི་མི་དམངས་ཀྱི་རྩ་ཁྲིམས་གྲུབ་འབྲས་ཐོབ་པའི་སྒོ་ནས་གཏན་འཁེལ་དང་ལག་བསྟར་བྱས་པར་བརྟེན། རང་རྒྱལ་གྱི་རྩ་ཁྲིམས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་དང་ཐ་ན་འཛམ་གླིང་གི་རྩ་ཁྲིམས་ལམ་ལུགས་ཀྱི་ལོ་རྒྱུས་ཐོག་གསར་གཏོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད་ལ། མིའི་རིགས་ཀྱི་ཁྲིམས་སྐྱོང་ཤེས་དཔལ་ཡར་ཐོན་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད།

        རང་རེའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་གཏན་འཁེལ་བྱས་པའི་རྩ་ཁྲིམས་ནང་། མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱས་ཡོད་ལ། མི་དམངས་ཡོངས་ཀྱི་ཐུན་མོང་གི་འདུན་པ་མཚོན་པ་དང་། ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདུན་པ་ཚད་མཐོའི་གཅིག་གྱུར་མངོན་འགྱུར། རྩ་ཁྲིམས་རྙིང་པ་མཐའ་དག་གིས་མི་ཉུང་ཤས་ཀྱི་འདུན་པ་མཚོན་པ་དང་མི་ཉུང་ཤས་ཀྱི་ཁེ་ཕན་ལ་ཞབས་འདེགས་ཞུ་བའི་ཞན་ཆ་སེལ་བ་བཅས་བྱས་པར་བརྟེན། ཆེས་རྒྱ་ཆེའི་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་ལག་བསྟར་བརྩི་སྲུང་བྱས་པ་དེར། མངོན་གསལ་དོད་པའི་ལེགས་ཆ་དང་། སྲ་ཞིང་བརྟན་པའི་རྨང་གཞི། སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་བཅས་ལྡན་ཡོད།

        1982ལོར་རང་རྒྱལ་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་རྗེས། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་སྔ་རྗེས་སུ་རྩ་ཁྲིམས་འདིའི་དོན་ཚན་ཁ་ཤས་དང་ནང་དོན་ཁ་ཤས་ལ་དགོས་ངེས་ཡིན་ལ་ཤིན་ཏུ་གལ་འགངས་ཆེ་བའི་བཟོ་བཅོས་ཐེངས་ལྔ་བརྒྱབ་ཡོད། བཟོ་བཅོས་དེ་དག་བརྒྱབ་རྗེས། རང་རྒྱལ་གྱི་རྩ་ཁྲིམས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཏང་གིས་ཁྲིམས་ལྟར་རྒྱལ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་དང་འབྲེལ་བའི་འཐབ་ཇུས་མཐོ་ཚད་ནས་ཁྲིམས་སྐྱོང་གཏན་འཁེལ་དང་། ཁྲིམས་སྐྱོང་བཀོད་སྒྲིག ཁྲིམས་སྐྱོང་ལག་བསྟར་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་བཏང་བར་བརྟེན། རང་རྒྱལ་གྱི་རྩ་ཁྲིམས་ལམ་ལུགས་འཛུགས་སྐྱོང་དང་རྩ་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ང་ཚོས་སྔ་རྗེས་སུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་རྒྱག་པ་སོགས་ལ་ཐབས་ཇུས་གལ་ཆེན་བཏོན་པ་མ་ཟད། ཀྲུང་དབྱང་གི་ཕྱོགས་ཡོངས་ཀྱི་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་། ཁྲིམས་ལག་བསྟར་འགན་ལེན། ཁྲིམས་འཛིན་ལ་རྒྱབ་སྐྱོར། སྣེ་འཁྲིད་དེ་ཁྲིམས་སྲུང་བཅས་ཀྱི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་རྩ་ཁྲིམས་ལག་བསྟར་བྱེད་པའི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཡོད། ཏང་གི་འགོ་ཁྲིད་ཀྱི་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ནང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ཡིན་པ་གསལ་བཤད་བྱས་པར་བརྟེན་ཏང་གིས་འགོ་ཁྲིད་བྱེད་པའི་རྩ་ཁྲིམས་ཀྱི་འགན་ལེན་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད།

        རྩ་ཁྲིམས་ཀྱིས་ལྟེ་བར་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བར་བརྟེན་རྩ་ཁྲིམས་ལག་བསྟར་དེ་བས་ནུས་ལྡན་བྱུང་ཡོད། རྩ་ཁྲིམས་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། རྩ་ཁྲིམས་དང་མཐུན་པའི་ཞིབ་བཤེར་དང་། ཐོ་འགོད་ཞིབ་བཤེར་ལམ་ལུགས། ནུས་པ་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་པར་བརྟེན་རྩ་ཁྲིམས་ཀྱི་ལྟ་སྐུལ་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་གཏན་འཁེལ་བྱས་པ་དང་། རྩ་ཁྲིམས་དམ་འཇོག་ལམ་ལུགས་བཙུགས་པ། རྩ་ཁྲིམས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་པར་བརྟེན། སྤྱི་ཚོགས་ཡོངས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་ལག་བསྟར་ནུས་ལྡན་བྱས་ནས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས་གཏན་འཁེལ་བྱས་ཏེ་ལག་ལེན་བསྟར་བས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བའི་ཁྲིམས་སྐྱོང་འགན་ལེན་དེ་བས་ནུས་ལྡན་བྱུང་ཡོད།

དུས་རབས་གསར་པའི་ལོ་བཅུའི་ནང་རང་རྒྱལ་གྱི་རྩ་ཁྲིམས་ལམ་ལུགས་འཛུགས་སྐྱོང་དང་རྩ་ཁྲིམས་ལག་བསྟར་ལྟ་སྐུལ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དོན་དངོས་ལས་ར་སྤྲོད་བྱུང་ཡོད།

        དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད། རང་རེའི་ཏང་གིས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བེད་སྤྱོད་དང་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། རྩ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་རྩ་ཁྲིམས་ཀྱི་ལག་ལེན་གསར་གཏོད་ལ་སྐུལ་འདེད་བཏང་བར་བརྟེན་ཉམས་མྱོང་གསར་པ་མང་པོ་བསགས་ཡོད་ལ། རང་རྒྱལ་གྱི་རྩ་ཁྲིམས་ལམ་ལུགས་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཡང་ཟབ་ཏུ་ཕྱིན་ཡོད།

        གཅིག་ནས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། རང་རྒྱལ་གྱི་རྩ་ཁྲིམས་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནས་བབ་གཏན་འཁེལ་བྱས་ཡོད། དེ་ནི་རང་རྒྱལ་རྩ་ཁྲིམས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་རེད་ལ། རང་རྒྱལ་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པའི་རྩ་བའི་འགན་ལེན་ཞིག་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས། མི་དམངས་ཀྱི་འགོ་ཁྲིད་དེ་མི་དམངས་ཀྱི་འདུན་པ་མཚོན་པའི་རྩ་ཁྲིམས་གཏན་འཁེལ། མི་དམངས་ཀྱི་འགོ་ཁྲིད་དེ་རྩ་ཁྲིམས་ལག་བསྟར་བཅས་བྱས་ཚེ་གཞི་ནས་རང་རྒྱལ་གྱི་རྩ་ཁྲིམས་འཕེལ་རྒྱས་ཀྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འགན་ལེན་བྱེད་ཐུབ།

        གཉིས་ནས་ངེས་པར་དུ་མི་དམངས་རང་ཁྱིམ་རང་བདག་མཐའ་འཁྱོངས་བྱེད་དགོས། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྩ་ཁྲིམས་གཏན་འཁེལ་དང་ལག་བསྟར་བྱེད་པའི་ཆེས་རྩ་བའི་དམིགས་ཡུལ་ནི། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་དང་། མི་དམངས་ཀྱི་འདུན་པ་མཚོན་པ། མི་དམངས་ཀྱི་ཁེ་དབང་འགན་སྲུང་། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་གི་འགོ་ནས་མཇུག་བར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཁྱབ་པར་བྱེད་པ། དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་མཚོན་པའི་བཅའ་ཁྲིམས་ལམ་ལུགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་། རྒྱུ་ནོར་དབང་ཆ། མི་གཤིས་དབང་ཆ། གཞི་རྩའི་ཆབ་སྲིད་དབང་ཆ་བཅས་ལ་བཙན་གནོད་མི་ཕོག་པའི་འགན་ལེན། དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་སྤྱི་དམངས་ཀྱི་དབང་ཆ་དོན་འཁྱོལ་ལ་འགན་ལེན་བཅས་བྱས་ཚེ་གཞི་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་འགན་ལེན་བྱེད་ཐུབ།

        གསུམ་ནས་ངེས་པར་དུ་རྩ་ཁྲིམས་ལྟར་རྒྱལ་སྐྱོང་དང་རྩ་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས། རང་རྒྱལ་གྱི་རྩ་ཁྲིམས་ནི་རང་རེའི་ཏང་གིས་ཡུན་རིང་སྲིད་སྐྱོང་གི་རྩ་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་རེད། རྩ་ཁྲིམས་ལྟར་རྒྱལ་སྐྱོང་དང་རྩ་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གིས་སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པ་དེ་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱིས་བཅའ་ཁྲིམས་དང་སྒྲིག་ཡིག་ལྟར་འགན་ནུས་སྒྲུབ་པ་དང་ལས་དོན་སྤེལ་བ་གཅིག་གྱུར་བྱེད་པ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གཏན་འཁེལ་དང་ལག་བསྟར་བྱས་པའི་རྩ་ཁྲིམས་དང་བཅའ་ཁྲིམས་དེ་ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་བ་དང་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཚེ་གཞི་ནས་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་སྐྱོང་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་ཐུབ།

        བཞི་ནས་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་པའི་གནས་བབ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། རྩ་ཁྲིམས་ཀྱིས་ཏང་དང་མི་དམངས་ཀྱི་གཅིག་གྱུར་གྱི་འདུན་པ་དང་ཐུན་མོང་གི་བསམ་འདུན་གཅིག་སྡུད་ཐོག་མཚོན་ཡོད། རྒྱལ་ཁབ་ཀྱི་འདུན་པ་མཐོ་ཤོས་མཚོན་པའི་བྱེད་ཐབས་དེར་རྩ་བའི་རང་བཞིན་དང་། སྤྱི་ཡོངས་རང་བཞིན། བརྟན་པོའི་རང་བཞིན། ཡུན་རིང་རང་བཞིན་བཅས་ལྡན་ཡོད། རྩ་ཁྲིམས་ནང་གཏན་ལ་འཁེལ་བ་ནི་རྒྱལ་ཁབ་ཀྱི་ལམ་ལུགས་གལ་ཆེན་དང་ལས་དོན་གལ་ཆེན་ཡིན། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཕྱོགས་བསྡུས་རང་བཞིན་དང་། རྩ་དོན་རང་བཞིན། རྩ་འཛིན་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཡོད། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཐམས་ཅད་ཀྱི་སྤྱིའི་གཞི་འཛིན་ས་དང་སྤྱིའི་འབྱུང་རྩ་ཡིན་ཞིང་། དེར་བཅའ་ཁྲིམས་ཀྱི་གནས་བབ་དང་། བཅའ་ཁྲིམས་ཀྱི་དབང་གྲགས། བཅའ་ཁྲིམས་ཀྱི་ནུས་པ་བཅས་མཐོ་ཤོས་ལྡན་ཡོད། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་པའི་གནས་བབ་མཐའ་འཁྱོངས་བྱེད་པ་དང་། རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་དོན། དགོངས་དོན་བཅས་སྲུང་སྐྱོང་དང་ལག་ལེན་མཐའ་གཅིག་ཏུ་བསྟར་ཚེ་གཞི་ནས་རྒྱལ་ཁབ་གཅིག་གྱུར་དང་། ཁྲིམས་ལུགས་གཅིག་གྱུར། སྲིད་བཀའ་གཅིག་གྱུར་བཅས་ཡོང་བའི་འགན་ལེན་བྱེད་ཐུབ།

        ལྔ་ནས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལམ་ལུགས་ཅན་དང་ཁྲིམས་སྲོལ་ཅན་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། རྩ་ཁྲིམས་ཀྱི་སྲོག་རྩ་ནི་ལག་བསྟར་བྱེད་པར་ཐུག་ཅིང་། རྩ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་བྱེད་པར་ཐུག་ཡོད། ངེས་པར་དུ་ཚན་རིག་དང་མཐུན་ལ་ནུས་ལྡན་དང་བརྒྱུད་རིམ་ལྡན་ལ་འཐུས་སྒོ་ཚང་བའི་ལམ་ལུགས་དང་ཁྲིམས་སྲོལ་མ་ལག་ལ་བརྟེན་ནས་རྩ་ཁྲིམས་ལག་ལེན་བསྟར་བར་འགན་ལེན་བྱས་ཏེ། འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་དང་། ནུས་ཆེའི་ཁྲིམས་སྐྱོང་ལག་བསྟར་མ་ལག ཚགས་དམ་པའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལག ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག་ཆགས་པར་བྱེད་པ་དང་། འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཆགས་པར་བྱེད་པ། རྩ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་འགན་ལེན་བྱེད་དགོས།

        དྲུག་ནས་ངེས་པར་དུ་རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོང་མཐའ་འཁྱོངས་བྱེད་དགོས། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་བ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདུན་པའི་དབང་གྲགས་སྲུང་སྐྱོང་བྱེད་པ་དང་། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདུན་པའི་ལ་རྒྱ་སྲུང་སྐྱོང་བྱེད་པ། རྩ་ཁྲིམས་ལག་བསྟར་འགན་ལེན་བྱེད་པ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་པ་བཅས་རེད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས་མཐའ་དག སྲིད་ཏང་ཁག་དང་སྤྱི་ཚོགས་ཚོགས་པ་ཁག ཁེ་ལས་དང་བྱ་གཞག་རྩ་འཛུགས་ཁག་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་དེ་རྩ་བའི་བྱེད་སྒོའི་ཚད་གཞིར་འཛིན་དགོས་པ་མ་ཟད། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་དང་རྩ་ཁྲིམས་ཀྱི་ལག་བསྟར་འགན་ལེན་བྱེད་པའི་འགན་འཁྲི་ཡང་ཡོད། རྩ་འཛུགས་དང་མི་སྒེར་གང་རུང་ཞིག་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་དམིགས་བསལ་གྱི་དབང་ཆ་ཡོད་མི་རུང་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་མཐའ་དག་ལ་ངེས་པར་དུ་བདའ་འདེད་གཏོང་དགོས།

        བདུན་ནས་ངེས་པར་དུ་དུས་བསྟུན་འཕེལ་རྒྱས་ཀྱིས་རྩ་ཁྲིམས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། སྟེང་གི་བཀོད་པ་ཡིན་པའི་རྩ་ཁྲིམས་ནི་ངེས་པར་དུ་དཔལ་འབྱོར་རྨང་གཞིའི་འགྱུར་ལྡོག་དང་འཚམ་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་གི་ལོ་རྒྱུས་ཡར་ཐོན་མཚོན་དགོས་པས། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལག་ལེན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་དགོས། དུས་རབས་ཀྱི་བླང་བྱ་དང་མི་དམངས་ཀྱི་འདོད་བློར་བསྟུན་པ་དང་ཁྲིམས་སྐྱོང་གི་ཆོས་ཉིད་ལ་སྲུང་བརྩི་ཞུས་ནས། རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། དབང་གྲགས་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རྩ་ཁྲིམས་དུས་བབ་གསར་པ་དང་རྒྱུན་ཆད་མེད་པར་འཚམ་པར་བྱེད་པ་དང་ཉམས་མྱོང་གསར་པ་བསྡུ་ལེན་བྱས་ཏེ། གྲུབ་འབྲས་གསར་པ་གཏན་འཁེལ་དང་ཚད་གཞི་གསར་པ་བཏོན་ཚེ། གཞི་ནས་རྩ་ཁྲིམས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་ཐུབ།

        ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། རྒྱལ་སྲིད་སྐྱོང་རིང་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་དང་རྩ་བ་བརྟན་འཛུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཐད་ཀྱི་ཁྲིམས་སྐྱོང་གི་འགན་སྲུང་ནུས་པ་སྔར་བས་འདོན་སྤེལ་བྱས་ནས། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པ་ནན་བཤད་བྱས་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་སྐྱོད་པ། རྩ་ཁྲིམས་ཀྱི་རང་རྟོགས་བསམ་པ་ཆེ་རུ་གཏོང་བ། རྩ་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། རྩ་ཁྲིམས་ཀྱི་ལས་འགན་སྒྲུབ་པ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་རྩ་ཁྲིམས་ལག་ལེན་གྱི་ལེའུ་གསར་པ་རྩོམ་དགོས།

        དང་པོ། ཏང་གིས་རྩ་ཁྲིམས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་རང་རྒྱལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་ནུས་པ་གལ་ཆེན་དེ་བས་འདོན་སྤེལ་བྱེད་དགོས། རང་རྒྱལ་གྱི་རྩ་ཁྲིམས་ནི་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཡུན་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་རིག་པ་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་རིག་པ། ལག་ལེན་གྱི་གཏན་ཚིགས་རིག་པ་བཅས་ཀྱི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན་རང་རྒྱལ་གྱི་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དང་ལག་ལེན་ནུས་ལྡན་བསྟར་བར་འགན་ལེན་བྱེད་ཐབས་བྲལ་ཡོད།

        ཏང་གིས་རྩ་ཁྲིམས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། རང་རྒྱལ་གྱི་རྩ་ཁྲིམས་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་འགན་ལེན་དང་རང་རྒྱལ་གྱི་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དང་ལག་ལེན་ནུས་ལྡན་བསྟར་རྒྱུ་འགན་ལེན་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག་འགན་ལེན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱེད་རིང་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱེད་དགོས། ཆབ་སྲིད་ལམ་ལུགས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནས་བབ་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱེད་པ། རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་ལམ་ལུགས་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་ལམ་ལུགས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་གཞན་གྱི་དཔེ་དབྱིབས་དང་བྱེད་སྟངས་འདྲ་བཤུས་དང་རྦད་དེ་ལད་མོ་གཏན་ནས་བྱེད་མི་རུང་།

        གཉིས་པ། རྩ་ཁྲིམས་ལག་ལེན་བསྟར་བ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཏང་གིས་རྩ་ཁྲིམས་ལྟར་རྒྱལ་སྐྱོང་དང་རྩ་ཁྲིམས་ལྟར་སྲིད་སྐྱོང་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྩ་ཁྲིམས་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་དང་། རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་རྩ་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས། རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་བཅའ་ཁྲིམས་ཀྱི་ཚད་གཞི་མཐོ་ཤོས་བཅས་ཡིན། ཏང་གིས་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་སྐྱོང་གི་ནུས་པ་ཆེ་རུ་གཏོང་བར“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ལག་ལེན་ཧྲིལ་པོའི་ཁྲོད་ངེས་པར་དུ་རྩ་ཁྲིམས་ལག་ལེན་བསྟར་དགོས་པ་དང་། སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་དང་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དང་དམག་སྐྱོང་བཅས་ཀྱི་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་ནང་རྩ་ཁྲིམས་ལག་ལེན་བསྟར་ཏེ། རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་ཁྲིམས་སྐྱོང་ཅན་ལ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

        ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འབེབས་བྱས་པས། ཏང་གིས་ཐོག་མར་སྣེ་ཁྲིད་དེ་རྩ་ཁྲིམས་ལ་གོང་བཀུར་དང་ལག་ལེན་བསྟར་དགོས། ཏང་གི་འདོད་ཚུལ་ཁྲིམས་བཀོད་གོ་རིམ་བརྒྱུད་རྒྱལ་ཁབ་ཀྱི་འདུན་པར་བསྒྱུར་མཁས་པོ་དང་། ཏང་གི་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་འོས་མི་རྣམས་ཁྲིམས་བཀོད་གོ་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣར་འགྱུར་མཁས་པོ། རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་བརྒྱུད་དེ་ཏང་གིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་འགོ་ཁྲིད་བྱེད་མཁས་པོ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་དང་། སྲིད་འཛིན་ལས་ཁུངས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རང་ཚུགས་འགན་འཁུར་དང་མཐུན་སྦྱོར་གཅིག་གྱུར་གྱིས་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་དོན་འཁྱོལ་བྱེད་པ་དེ་རིམ་ཁག་ཏང་ཨུད་ཀྱི་ཐབས་འགོད་ཇུས་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ནས། ཁྲིམས་ལྟར་ཐབས་ཇུས་འགོད་པ་དང་ཁྲིམས་ལྟར་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་མི་རུང་བའི་མཐའ་ཚད་བརྟན་པོ་བསྲུངས་ཏེ། ཐབས་འགོད་ཇུས་བསྟར་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐུབ་པའི་འགན་ལེན་བྱེད་དགོས།

        གསུམ་པ། རྩ་ཁྲིམས་ལྟེ་བར་འཛིན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་མགྱོགས་མྱུར་འཐུས་ཚང་དུ་བཏང་ནས་བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་གི་ཁྱོན་ཡོངས་རང་བཞིན་དང་། བརྒྱུད་རིམ་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཁྲིམས་ལྟར་ཁྲིམས་འཛུགས་མཐའ་འཁྱོངས་བྱེད་དོན་གཙོ་བོ་ནི་རྩ་ཁྲིམས་ལྟར་ཁྲིམས་འཛུགས་མཐའ་འཁྱོངས་བྱས་ཏེ། རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་ཁྲིམས་ཀྱི་རྩ་དོན། རྩ་ཁྲིམས་ཀྱི་དགོངས་དོན་བཅས་ཁྲིམས་འཛུགས་ཁྲོད་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་གི་ཁྲོད་མཚོན་པར་བྱེད་དགོས། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་གང་ཞིག་ཡིན་རུང་ཚང་མ་རྩ་ཁྲིམས་ལས་འགལ་མི་ཆོག་པ་དང་། རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་དོན། དགོངས་དོན་བཅས་དང་འགལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་མཐའ་དག་ངེས་པར་དུ་ཡོ་བསྲང་བྱེད་དགོས།

        ཁྲིམས་འཛུགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་འཛུགས་དང་། བཟོ་བཅོས། འདོར་བ། འགྲེལ་བཤད། རྩོམ་སྒྲིག་བཅས་ལ་སྤྱི་འདོམས་བྱས་ནས། ཁྲིམས་འཛུགས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན། གོ་ཆོད་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཁྲིམས་འཛུགས་ཁྲོད་རྩ་ཁྲིམས་ཀྱི་སྲོག་ཤིང་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་བྱས་ཏེ་ཁྲིམས་འཛུགས་ཀྱི་ལྷུ་ཚིགས་ཚང་མར་རྩ་ཁྲིམས་ཀྱི་འགག་སྒོ་ཡག་པོ་བསྲུངས་ནས། ཁྲིམས་འཛུགས་ཚང་མ་རྩ་ཁྲིམས་ཀྱི་དགོངས་དོན་དང་འཚམ་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་མཚོན་པ། རྩ་ཁྲིམས་ལག་ལེན་འགན་ལེན་བཅས་བྱེད་དགོས། རྩ་ཁྲིམས་ཀྱིས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ལ་དཀྲིས་པའི་འགན་འཁྲི་དོན་འཁྱོལ་བྱས་ནས། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་རྩ་ཁྲིམས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་དང་མི་དམངས་གོ་རིམ་ལྡན་པའི་ངང་ཁྲིམས་འཛུགས་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་བཅོས་སྐྱོང་གི་འཕྲལ་མཁོ་དང་། ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལ་མཁོ་བ་བཅས་ཀྱི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། རང་རྒྱལ་གྱི་བཅའ་ཁྲིམས་སྤྱོད་ཁོངས་སུ་ཚུད་མེད་རིགས་ལ་སྤྱོད་རྒྱུར་འཚམ་པའི་བཅའ་ཁྲིམས་མ་ལག་གང་མགྱོགས་འཛུགས་སྐྱོང་བྱེད་དགོས། བརྒྱུད་རིམ་ཧྲིལ་པོའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། དམག་དོན་ཁྲིམས་སྲོལ། ལྟ་ཞིབ་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱི་མ་ལག་ཕྱོགས་ཡོངས་ནས་འཐུས་ཚང་དུ་བཏང་སྟེ། བཅའ་ཁྲིམས་མ་ལག་དེ་བས་ཚན་རིག་དང་མཐུན་ལ་ཆ་ཚང་བ་དང་གཅིག་གྱུར་དང་དབང་གྲགས་ལྡན་པར་བྱས་ནས། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས།

        བཞི་པ། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བར་ཁག་ཐེག་བྱེད་པའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བར་ཁག་ཐེག་བྱེད་པའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ན། ངེས་པར་དུ་རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་ཁྲིམས་ཀྱི་རྩ་དོན། རྩ་ཁྲིམས་ཀྱི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་དང་། རྩ་ཁྲིམས་ལག་བསྟར་དང་། རྩ་ཁྲིམས་ཀྱི་གསལ་འགྲེལ། རྩ་ཁྲིམས་ཀྱི་ལྟ་སྐུལ་མ་ལག་བཅས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་དང་། ཁྲིམས་སྐྱོང་གི་ལག་བསྟར་མ་ལག ཁྲིམས་སྐྱོང་གི་ལྟ་སྐུལ་མ་ལག ཁྲིམས་སྐྱོང་གི་འགན་སྲུང་མ་ལག ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་བཅས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་རྩ་ཁྲིམས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བར་འགན་ལེན་བྱེད་དགོས། རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ཐད་ཀར་ལག་ལེན་བསྟར་བའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལག་ལེན་བསྟར་བ། མེས་རྒྱལ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ཁྲོད་ཀྱི་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་གང་ལེགས་འདོན་དགོས། རྩ་ཁྲིམས་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩ་ཁྲིམས་ཀྱི་ལྟ་སྐུལ་ཚད་ལྡན་ཅན་དང་གོ་རིམ་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། རྩ་ཁྲིམས་དང་མཐུན་མིན་གྱི་ཞིབ་བཤེར་དང་ཐོ་འགོད་སྙན་སེང་ལ་ཞིབ་བཤེར་གྱི་ནུས་པ་དང་སྤུས་ཚད་མཐོ་རུ་གཏོང་བ། རྩ་ཁྲིམས་དང་མཐུན་མིན་གྱི་ཞིབ་བཤེར་ལས་དོན་ལ་སྐུལ་སྤེལ་གཏོང་བ། རྩ་ཁྲིམས་ཀྱི་གསལ་འགྲེལ་གོ་རིམ་ལམ་སྲོལ་དོན་འཁྱོལ་བཅས་བྱས་ཏེ་སྤྱི་ཚོགས་ཕྱོགས་ཁག་གིས་དོ་ཁུར་བྱེད་པའི་རྩ་ཁྲིམས་དང་འབྲེལ་བའི་གནད་དོན་ལ་ལན་ཧུར་ཐག་རྒྱག་དགོས།

        ལྔ་པ། རྩ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་རྩ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གོ་སྐོན་བློ་འགུག་གི་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྩ་ཁྲིམས་ཀྱི་རྨང་གཞི་ནི་མི་དམངས་ཀྱིས་སེམས་གཏིང་ནས་བརྩི་བཀུར་བྱེད་པར་ཐུག་པ་དང་། རྩ་ཁྲིམས་ཀྱི་སྟོབས་ཤུགས་ཆེན་པོ་ནི་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་དད་མོས་ལ་ཐུག་ཡོད། ངེས་པར་དུ་དྲིལ་བསྒྲགས་དང་། སློབ་གསོ། ཞིབ་འཇུག་བཅས་མཉམ་དུ་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་དང་། ཤེས་བྱ་ཁྱབ་གདལ་དང་། རིགས་པའི་གཞུང་ལུགས་ཀྱི་གསལ་འགྲེལ། འདུ་ཤེས་ཀྱི་ཁྲིད་སྟོན་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རྩ་ཁྲིམས་མི་སེམས་ལ་ཟུག་པ་དང་མི་དམངས་མང་ཚོགས་ཁྲོད་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་རྩ་ཁྲིམས་ལག་ལེན་བསྟར་བ་མི་དམངས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བར་སྐུལ་འདེད་གཏོང་དགོས།

        རྩ་ཁྲིམས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་རྣམ་པ་འཐུས་སྒོ་ཚང་དུ་བཏང་ནས་རྩ་ཁྲིམས་ལ་དམ་འཇོག་དང་། རྩ་ཁྲིམས་ཀྱི་དྲན་གསོ། རྒྱལ་ཁབ་ཀྱི་མཚོན་བྱེད་དང་མཚོན་རྟགས་སོགས་ལམ་ལུགས་ཀྱི་སློབ་གསོའི་ནུས་པ་ཟབ་ཏུ་བཏང་ནས་རྩ་ཁྲིམས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། འགག་རྩའི་ཉུང་ཤས་ཡིན་པའི་འགོ་ཁྲིད་ལས་བྱེད་པར་དམ་འཛིན་དང་། གཞོན་ནུ་ལོ་ཆུང་དང་དྲ་དམངས་སོགས་གཙོ་གནད་ཚོགས་སྤྱིར་དམ་འཛིན། རྩ་ཁྲིམས་ཀྱི་དྲན་གསོ་དང་། རྩ་ཁྲིམས་ལ་དམ་འཇོག རྩ་ཁྲིམས་ཀྱི་བསླབ་གཞི་འཛུགས་སྐྱོང་སོགས་གཞི་རྟེན་གལ་ཆེན་ལ་དམ་འཛིན། སློབ་གྲྭ་དང་། སྡེ་ཁུལ། སྨྱན་སྦྱོར་སོགས་གཙོ་གནད་འཐབ་སར་དམ་འཛིན་བཅས་བྱས་ནས་རྩ་ཁྲིམས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་དགོས། དེང་རབས་ཀྲུང་གོའི་རྩ་ཁྲིམས་ལམ་ལུགས་དང་རྩ་ཁྲིམས་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོའི་རྩ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་དང་། མཚོན་རྟགས་རང་བཞིན་གྱི་ཐ་སྙད་དང་ཐོག་མའི་གསར་རྩོམ་རང་བཞིན་གྱི་ལྟ་བར་ཞུན་བརྡར། ཀྲུང་གོའི་རྩ་ཁྲིམས་ཀྱི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་བརྡའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་རྒྱལ་གྱི་ཁྲིམས་སྐྱོང་སློབ་གསོའི་ཁྲོད་ཀྱི་ཀྲུང་གོའི་རྩ་ཁྲིམས་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་བརྟན་དུ་གཏོང་དགོས། ཀྲུང་གོའི་རྩ་ཁྲིམས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་པ་དང་། གདེང་ཚོད་དང་བློ་སྟོབས་ལྡན་པའི་སྒོ་ནས་ཀྲུང་གོའི་རྩ་ཁྲིམས་ལམ་ལུགས་དང་རྩ་ཁྲིམས་རིགས་པའི་གཞུང་ལུགས་ཀྱི་མངོན་གསལ་དོད་པའི་དགེ་མཚན་དང་སྐྱེ་སྟོབས་ཆེན་པོ་དྲིལ་བསྒྲགས་བྱེད་དགོས། ཀྲུང་གོའི་རྩ་ཁྲིམས་ལ་འཁྱོག་བཤད་དང་། མིང་ཆད་ངན་པ་བཟོ་བ། དམའ་འབེབས་གཏོང་བ་བཅས་ཀྱི་གཏམ་སྤྱོད་ནོར་འཁྲུལ་ཅན་ལ་ལ་རྒྱ་དང་གདེང་ཚོད་ལྡན་པའི་སྒོ་ནས་འཐབ་རྩོད་བྱེད་དགོས།

        བློ་མཐུན་མའོ་ཙེ་ཏུང་གིས་འགོ་ཁྲིད་གནང་སྟེ་ཀྲུང་གོ་གསར་པའི་རྩ་ཁྲིམས་དང་པོ་གཏན་ལ་འབེབས་སྐབས“ང་ཚོས་ད་ལྟ་རྒྱལ་ཡོངས་མི་དམངས་དང་མཐུན་སྒྲིལ་བྱེད་དགོས། མཐུན་སྒྲིལ་བྱེད་ཐུབ་པ་དང་མཐུན་སྒྲིལ་བྱེད་དགོས་པའི་སྟོབས་ཤུགས་མཐའ་དག་དང་མཐུན་སྒྲིལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་རླབས་པོ་ཆེ་ཞིག་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་དགོས། རྩ་ཁྲིམས་དེ་ནི་དམིགས་ཡུལ་འདིའི་ཆེད་དུ་བྲིས་པ་ཡིན”ཞེས་གསུངས་ཡོད། ང་ཚོས་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་ཆེད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1