༄༅།། ཏོག་གསར་ནད་དུག་འགོས་ཚེ་ལུས་པོ་བཀྲུ་རུང་ངམ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-27


        ཏོག་གསར་ནད་དུག་འགོས་ན་ལུས་པོ་བཀྲུ་རུང་ངམ་ཞེས་པའི་དྲི་བ་འདི། དྲ་ཐོག་ཏུ་བགྲོ་གླེང་བྱེད་མཁན་ཤིན་ཏུ་མང་། ལུས་པོར་ཚ་བ་རྒྱེབ་པ་དང་རྔུལ་ཆུ་ཐོན་པའི་མི་ཞིག་ལ་ཆ་མཚོན་ན། ལུས་པོར་འདག་འདག་ཆགས་ནས་བདེ་མོ་མེད་པ་དང་། ཉིན་འགའི་རིང་སྐྲ་མ་བཀྲུས་ཚེ། མགོ་ལ་དེ་བས་སྣུམ་ཐོན་སླ་པོ་ཡོད། མི་འགའ་རེས་རང་གི་ཉམས་མྱོང་དང་བསྟུན་ནས་ འདི་ལྟར་བཤད་བཞིན་ཡོད་དེ།

  “ལུས་པོ་མ་རྩ་མ་བཀྲུ། ངས་ལུས་པོ་བཀྲུས་རྗེས་ཡང་བསྐྱར་ཚ་བ་བརྒྱབ་བྱུང”

  “ངས་ལུས་པོ་བཀྲུས་རྗེས་ནད་གཞི་དེ་བས་ལྕི་སོང”

  “ཚ་བ་རྒྱེབ་དུས་ལུས་པོ་བཀྲུས་ན་ཤི་ས་རེད”སོགས་སྐད་ཆ་འདྲ་མིན་ཤིན་ཏུ་མང་།


        འོན་ཀྱང་མི་འགའ་རེས། རང་གིས་རྒྱུན་ལྡན་ལྟར་ལུས་པོ་དང་སྐྲ་བཀྲུས་ཀྱང་། དེ་ལ་གནད་དོན་གང་ཡང་མི་འདུག་ཅེས་བཤད་བཞིན་ཡོད།“ངས་བསམ་ན་ལུས་ཁམས་མི་འདྲ་ནས་ཡིན་ས་རེད། ངས་ལུས་པོ་བཀྲུས་རྗེས་མགྱོགས་པོ་དྲག་སོང”


        དོན་དངོས་སུ་ཏོག་གསར་ནད་དུག་འགོས་ཚེ། ལུས་པོ་བཀྲུ་རུང་ངམ་ཞེ་ན། དང་པོ་དེའི་ལན་བཤད།

        བཀྲུ་རུང་། ཡིན་ནའང་དོགས་ཟོན་བྱ་ཡུལ་འགའ་རེ་ཡོད།

  “ཏོག་གསར་ནད་དུག་འགོ་དུས་ལུས་པོ་བཀྲུ་མི་རུང་”ཟེར་བ་དང་།“སྲིབ་གཤིས་སུ་གྱུར་རྗེས་ཀྱང་དང་ཐོག་ལུས་པོ་བཀྲུ་མི་རུང་”ཟེར་བ་སོགས་ཀྱི་བཤད་སྲོལ་ཐད། པེ་ཅིན་ཡིའུ་ཨན་སྨན་ཁང་རིམས་ནད་ཕྱོགས་བསྡུས་ཚན་ཁག་གི་སྨན་པ་འབུམ་རམས་པ་ལི་ཐུང་ཙེང་གིས། བཤད་ཚུལ་འདི་ལ་ཚན་རིག་གི་གནས་ལུགས་མེད། ལུས་པོ་བཀྲུས་ཀྱང་ནད་ན་ཡུན་ཇེ་རིང་གཏོང་མི་སྲིད་ལ། རིམས་ནད་གཞན་དག་འགོ་བའི་ཉེན་ཁའང་མེད།

        དོ་སྣང་བྱ་དགོས་པ་ནི། མི་འགའ་རེ་ལ་ཚ་བ་རྒྱེབ་པ་དང་། ལུས་པོའི་ཟུངས་ཉམས་པ། ཤ་གནད་ལ་ཟུག་གཟེར་ཡོད་པ། ཟུངས་ཟད་པ་སོགས་ཀྱི་གནས་ཚུལ་ཡོད་པས། ལུས་པོ་བཀྲུ་སྐབས་འགྱེལ་སླ་མོ་ཡོད། དེ་འདྲ་ཡིན་ཚེ། ལུས་པོ་བཀྲུ་ཡུན་ངེས་པར་དུ་ཇེ་ཐུང་གཏོང་དགོས། བཀྲུ་ཡུན་རིང་ན་ངལ་དུབ་དེ་བས་ཆེ་སྟབས། འགྱེལ་རྒྱུ་དང་འདྲེད་རྒྱུའི་ཉེན་ཁ་ཡོད། ལྷག་པར་དུ་རྒན་རྒོན་ཚོས་དོ་སྣང་བྱེད་དགོས། ཞེས་གསུངས་པ་རེད།

        གཞན་ཡང་། ལུས་པོ་བཀྲུ་བའི་དུས་སྐབས་ལ་དོ་སྣང་བྱེད་དགོས། ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་ ཉེན་ཆེའི་ནད་ལྕི་ཞིབ་འཇུག་ཁང་གི་འགོ་པ་སློབ་དཔོན་ཧྥང་པང་ཅང་གིས་གསར་འགོད་པ་ལ་ལུས་ལ་ཚ་བ་དྲག་པོ་རྒྱས་པའི་དུས་སྐབས་སུ། ལུས་པོའི་ཐོག་གི་ཆུ་དང་། གློག་འབྱེད་རྫས། ནུས་ཤུགས་འབོར་ཆེན་བརླག་གི་ཡོད། སྐབས་འདིར་ལུས་པོའི་ཟུངས་ཟད་ཡོད་པས། དུས་སྐབས་འདི་ལ་ལུས་པོ་མ་འཁྲུད་ན་ལེགས་ཞེས་གསུངས་སོ། །

        གཅིག་ནས། ལུས་པོ་བཀྲུས་ན་ལུས་སྟོབས་ཟད་གྲོན་འགྲོ་བར་མ་ཟད། ཁྲག་རྩ་རྒྱས་ནས་ཁྲག་བཞུར་ཚད་ལྟོས་བཅས་ཀྱིས་མི་འདང་ནས། ཁྲག་ཤེད་དམའ་བ་སོགས་ཀྱི་གནས་ཚུལ་འབྱུང་སླ།

        གཉིས་ནས། དགུན་དུས་དྲོད་ཚད་དམའ་བས། ལུས་ཟུངས་ཞན་པའི་མི་ཡི། ལུས་པོ་འཁྱག་ནས་ཆམ་པ་ཕོག་སླ་བས། ནད་གཞི་ཇེ་ལྕི་དང་ན་ཡུལ་ཇེ་རིང་འགྱུར་སྲིད། 

   ལུས་པོ་བཀྲུ་སྐབས་དོ་སྣང་བྱ་དགོས་པ་གསུམ་ཡོད།

        གལ་སྲིད་ཚ་བ་ཆེན་པོ་མ་རྒྱབ་པའམ་ཚ་བ་འཇོམས་ཚར་བའི་རྗེས་སུ། ལུས་པོའི་སྟོབས་ཤུགས་ཚད་ལྡན་དུ་འགྱུར་བས། སྤྱིར་བཏང་ལུས་པོ་བཀྲུ་རུང་ཡང་། གནད་དོན་འདི་གསུམ་ལ་དོ་སྣང་བྱ་དགོས་ཏེ། ཁང་པའི་ནང་གི་དྲོད་ཚད་སྙོམས་པོ་ཡིན་དགོས་ལ། དྲོད་ཚད་དམའ་མོས་ལུས་པོ་འཁྱག་བཅུག་མི་རུང་། ཆུའི་དྲོད་ཚད་མཐོ་མི་རུང་བ་དང་ལུས་པོ་བཀྲུ་བའི་དུས་ཡུན་རིང་དྲག་མི་རུང་། རྔུལ་ཆུ་མང་པོ་ཐོན་ནས་ལུས་སྟོབས་ཟད་གྲོན་འགྲོ་བར་འགོག་དགོས།

        ལུས་པོ་བཀྲུས་རྗེས་དུས་ལྟར་ཆུ་རྡུལ་ཁ་གསབ་བྱ་དགོས་ལ། ལུས་ཐོག་གི་ཆུ་ཤོར་བ་སོགས་འགོག་དགོས། ཡིན་ནའང་། ཧྥང་པང་ཅང་གིས་དྲན་སྐུལ་བྱེད་དོན། རྒན་རྒོན་དང་ལུས་ཟུངས་ཉམས་མཁན། ཡང་ན་རྨང་གཞིའི་ནད་གཞི་ཡོད་པའི་མི་ཚོགས་ལ་མཚོན་ན། རང་གི་ལུས་པོའི་གནས་ཚུལ་ལྟར་དུ་ལུས་པོ་བཀྲུ་དགོས་མིན་ཐག་གཅོད་དགོས། ནད་གསོ་བའི་སྐབས་སུ། ལུས་པོའི་རྩལ་ཡོངས་རྫོགས་ཀྱི་ནུས་པ་ཅུང་ཞན་པས། ལུས་པོ་བཀྲུས་ན་ལུས་སྟོབས་ཀྱིས་མི་ཐེག་པ་དང་ནད་གཞི་ཇེ་ལྕི་འགྲོ་སྲིད་པས། ནད་ལས་སངས་དྲག་བྱུང་རྗེས་ད་གཟོད་ལུས་པོ་བཀྲུས་ན་ལེགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1