གླུ་ཐ་ལ་ཐ་ལ་རེད་ན་མ་ཁྲུང་ཁྲུང་། །
ཐ་ལ་གླུ་ཡི་ལེན་ཚུལ་རེད་ན་མ་ཁྲུང་ཁྲུང་། །
སྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད་ན་མ་ཁྲུང་ཁྲུང་། །
རྒྱུད་སྡེ་བཞི་ཡི་ལྷ་ལ་འདུད་ན་མ་ཁྲུང་ཁྲུང་། །
བྱིན་རླབས་དངོས་གྲུབ་མ་ཆུང་ཞིག་ན་མ་ཁྲུང་ཁྲུང་། །
ས་འདིའི་ས་ངོ་མ་ཤེས་ན་ན་མ་ཁྲུང་ཁྲུང་། །
ཁྲ་ཆུང་སྤྱན་གྱིས་མ་མཐོང་སྟེ་ན་མ་ཁྲུང་ཁྲུང་། །
དར་ལུང་རྣ་བའི་གོ་གཏམ་ལ་ན་མ་ཁྲུང་ཁྲུང་། །
ཡར་ཁམས་བྱང་མའི་རི་བརྒྱད་རེད་ན་མ་ཁྲུང་ཁྲུང་། །
གཞན་མའི་ཡུལ་དང་མི་འདྲ་དོ་ན་མ་ཁྲུང་ཁྲུང་། །
ཉི་མ་སྡིག་པའི་སྤྲིན་པས་བསྒྲིབས་ན་མ་ཁྲུང་ཁྲུང་། །
ཟླ་བ་མི་དགེའི་མུན་པས་བཏུམས་ན་མ་ཁྲུང་ཁྲུང་། །
སྐར་མ་བདུད་རླངས་པས་བསྒྲིབས་ན་མ་ཁྲུང་ཁྲུང་། །
སྟེང་ན་མི་ཁྲག་ཆར་བ་འབབ་ན་མ་ཁྲུང་ཁྲུང་། །
བར་ན་རྣམ་ཤེས་བུ་ཡུག་འཚུབ་ན་མ་ཁྲུང་ཁྲུང་། །
འོག་ན་ཤ་རུས་བསེ་མཁར་བརྩེགས་ན་མ་ཁྲུང་ཁྲུང་། །
གཤིན་ཐང་ནག་པོའི་ཁ་ཡ་རེད་ན་མ་ཁྲུང་ཁྲུང་། །
བྱ་ངེད་གསུམ་ང་ངོ་ཨེ་མཁྱེན་དོ་ན་མ་ཁྲུང་ཁྲུང་། །
ཤར་གླིང་ནོར་བུའི་ས་ཆ་ནས་ན་མ་ཁྲུང་ཁྲུང་། །
སྐྱ་རིང་གད་པའི་གཡས་ཟུར་ནས་ན་མ་ཁྲུང་ཁྲུང་། །
དུང་མཚོ་དཀར་མོའི་ལྷས་འདབས་སུ་ན་མ་ཁྲུང་ཁྲུང་། །
ཁྲུང་ཁྲུང་དཀར་མོ་སྤུན་གསུམ་ཡིན་ན་མ་ཁྲུང་ཁྲུང་། །
སེང་ལྕམ་འབྲུག་མོའི་བླ་བྱ་ཡིན་ན་མ་ཁྲུང་ཁྲུང་། །
སྐུ་མི་འགྱུར་སེང་ཆེན་རྒྱལ་པོ་ལགས་ན་མ་ཁྲུང་ཁྲུང་། །
སྤྱི་ཇུས་ལག་གིས་བཟུང་བཟུང་ནས་ན་མ་ཁྲུང་ཁྲུང་། །
རང་ཇུས་རྩ་བ་གཏོར་ན་ཐལ་ན་མ་ཁྲུང་ཁྲུང་། །
བདུད་རྒན་ཆམ་ལ་ཕབ་ན་ཡང་ན་མ་ཁྲུང་ཁྲུང་། །
ཧོར་རྒན་དགྲ་ལ་ལངས་ནས་བྱུང་ན་མ་ཁྲུང་ཁྲུང་། །
ཕྱིང་སྔོན་བློན་ལ་བཀོལ་ནས་ཡང་ན་མ་ཁྲུང་ཁྲུང་། །
དཔའ་བརྟུལ་ཧོར་ལ་འཕངས་ནས་ཐལ་ན་མ་ཁྲུང་ཁྲུང་། །
མེ་བཟའ་འགྲོགས་ལ་འཕྲོད་ན་ཡང་ན་མ་ཁྲུང་ཁྲུང་། །
སེང་ལྕམ་བཙན་པོས་ཕྲོགས་ནས་ཐལ་ན་མ་ཁྲུང་ཁྲུང་། །
བདུད་སྡེ་འབངས་ལ་བཀོད་ཞན་འདྲ་ན་མ་ཁྲུང་ཁྲུང་། །
གླིང་པ་སྡོད་ཁུངས་ཡལ་ནས་ཐལ་ན་མ་ཁྲུང་ཁྲུང་། །
བདུད་མཁར་ལྷ་ཁང་བཞེངས་ན་ཡང་ན་མ་ཁྲུང་ཁྲུང་། །
ཇ་མཁར་རྩེ་ནས་བཤིག་ནས་ཐལ་ན་མ་ཁྲུང་ཁྲུང་། །
རྒྱུ་མཚན་རྩ་བ་བཤད་པ་ན་ན་མ་ཁྲུང་ཁྲུང་། །
ན་ནིང་དཔྱིད་མགོ་ཟིན་པ་ནས་ན་མ་ཁྲུང་ཁྲུང་། །
བྱ་ཁྭ་ཏ་ནག་ཆུང་སོ་བ་བྱུང་ན་མ་ཁྲུང་ཁྲུང་། །
བྱ་ཐན་བསེ་བོ་ཉུལ་མ་བྱུང་ན་མ་ཁྲུང་ཁྲུང་ །
ཡིད་མ་བདེ་གླིང་རུས་ལྷ་དམག་བསྡུས་ན་མ་ཁྲུང་ཁྲུང་། །
སོ་སོར་ཕར་འབུད་སྔོན་མ་དེ་ན་མ་ཁྲུང་ཁྲུང་། །
བློན་ཆེན་འདན་མ་བྱང་ཁྲ་ཡིན་ན་མ་ཁྲུང་ཁྲུང་། །
ཤན་པ་རྨེ་རུའི་དུང་ཕོར་བཀོག་ན་མ་ཁྲུང་ཁྲུང་། །
འདོ་བ་རྟ་ཡི་ཁྱུ་སྣེ་བཅད་ན་མ་ཁྲུང་ཁྲུང་། །
དེ་རྒྱབ་ཞལ་དཀར་ཇག་ལ་ཤོར་ན་མ་ཁྲུང་ཁྲུང་། །
སྟོང་ཤོམ་འབུམ་ཐུབ་མགོ་བྱས་པའི་ན་མ་ཁྲུང་ཁྲུང་། །
ཧོར་བརྒྱ་ཚོ་བཅུ་གཅིག་མི་ཤ་བགོས་ན་མ་ཁྲུང་ཁྲུང་། །
དེ་ནས་ཁྲོ་ཐུང་ཇག་ལ་ཐལ་ན་མ་ཁྲུང་ཁྲུང་། །
རྟ་རྔ་ཆད་རྔོག་རྡུམ་ནོམ་ལ་བླངས་ན་མ་ཁྲུང་ཁྲུང་། །
ཐོབ་པ་མི་འདྲ་བྱིན་པ་འདྲ་ན་མ་ཁྲུང་ཁྲུང་། །
ཇུས་ཕྱི་སྣེ་ནང་ཁྲིད་ཧ་མགོ་ན་མ་ཁྲུང་ཁྲུང་། །
རང་སྡེའི་རྒོད་པོ་འདས་སྔ་དེ་ན་མ་ཁྲུང་ཁྲུང་། །
སྤྱི་དཔོན་སྣང་ངུ་གཡུ་སྟག་ཡིན་ན་མ་ཁྲུང་ཁྲུང་། །
ཤན་ཆེན་མི་བཞི་ཉིན་གཅིག་བརླག་ན་མ་ཁྲུང་ཁྲུང་། །
མ་བརྟེན་ཧོར་དམག་གླིང་ལ་སླེབས་ན་མ་ཁྲུང་ཁྲུང་། །
རི་ཐང་དཔོན་མགོ་བཅུ་གཉིས་ནས་ན་མ་ཁྲུང་ཁྲུང་། །
འབུམ་དམག་རེ་རེ་ཁྲིད་ནས་གདའ་ན་མ་ཁྲུང་ཁྲུང་། །
ས་གཞིས་མི་ཁྱག་འཁུན་པ་ཤོར་ན་མ་ཁྲུང་ཁྲུང་། །
གནམ་སྔོན་མོས་ཁེབས་ཡིད་ཐང་ཆད་ན་མ་ཁྲུང་ཁྲུང་། །
ཆབ་ཆུ་བོས་མ་འདང་གྲམ་ཤར་བཟོས་ན་མ་ཁྲུང་ཁྲུང་། །
དེ་སྟེ་ཞལ་དཀར་མན་ཆད་ནས་ན་མ་ཁྲུང་ཁྲུང་། །
དཔའ་གསར་ཟླ་བ་ཡན་ཆད་དེ་ན་མ་ཁྲུང་ཁྲུང་། །
ཅི་མ་ཡིན་ལ་མཞུགས་ནས་ན་མ་ཁྲུང་ཁྲུང་། །
བསད་བསད་རྩིས་རྩིས་གྲངས་མེད་རེད་ན་མ་ཁྲུང་ཁྲུང་། །
གསེར་པའི་ཉི་འབུམ་དར་ཡག་གིས་ན་མ་ཁྲུང་ཁྲུང་། །
ཆེ་ལ་གུར་སེར་མགོ་སྐེ་ཕྲལ་ན་མ་ཁྲུང་ཁྲུང་། །
བློན་ཆེན་འདན་མ་བྱང་ཁྲ་དེས་ན་མ་ཁྲུང་ཁྲུང་། །
གཉན་ལ་རྒྱལ་སྲས་ཁྲི་བཙུན་བཀྲོངས་ན་མ་ཁྲུང་ཁྲུང་། །
འབུམ་པའི་རྒྱ་ཚ་ཞལ་དཀར་གྱིས་ན་མ་ཁྲུང་ཁྲུང་། །
རྒོད་ལ་དམག་དཔོན་ཟི་ར་བཏུལ་ན་མ་ཁྲུང་ཁྲུང་། །
སྟག་རོང་དཔོན་པོ་གཟིག་འཕེན་གྱིས་ན་མ་ཁྲུང་ཁྲུང་། །
བཙན་ལ་ཐང་ནག་རྩེ་རྒྱལ་བསད་ན་མ་ཁྲུང་ཁྲུང་། །
དེ་བསད་གྲངས་ལ་མི་ཆོད་ནས་ན་མ་ཁྲུང་ཁྲུང་། །
དུ་བསད་བརྩི་རྒྱུ་ག་ན་ཡོད་ན་མ་ཁྲུང་ཁྲུང་། །
རྒོད་ཡང་དག་ཆོས་ལུ་དར་འཕེན་གྲགས་ན་མ་ཁྲུང་ཁྲུང་། །
དཔའ་ཡང་དག་སེང་སྟག་ཨ་དོམ་ཡིན་ན་མ་ཁྲུང་ཁྲུང་། །
བརླིང་ཡང་དག་སྤྱི་དཔོན་ཁྲ་རྒན་རེད་ན་མ་ཁྲུང་ཁྲུང་། །
སྐྱེན་ཟེར་ན་ཉ་ཚ་ཨ་བརྟན་རེད་ན་མ་ཁྲུང་ཁྲུང་། །
སྟོབས་ཆེ་བ་སྒ་སྡེའི་གོང་ན་མེད་ན་མ་ཁྲུང་ཁྲུང་། །
ཀུན་འཛོམས་པ་འདན་མ་བྱང་ཁྲ་རེད་ན་མ་ཁྲུང་ཁྲུང་། །
བྱ་ལག་མང་བ་ཁྲོ་ཐུང་རེད་ན་མ་ཁྲུང་ཁྲུང་། །
དབྱར་དགུན་གཉིས་ཀྱི་སོ་མཚམས་ནས་ན་མ་ཁྲུང་ཁྲུང་། །
སྟག་རོང་གཟིག་འཕེན་ཞགས་པས་བཀྲོངས་ན་མ་ཁྲུང་ཁྲུང་། །
རྨ་ཆུའི་གཞུང་ལ་འདས་ནས་བྱུང་ན་མ་ཁྲུང་ཁྲུང་། །
རོང་ཚ་དམར་ལེབ་མཚོན་ལ་དྲངས་ན་མ་ཁྲུང་ཁྲུང་། །
དེ་མིན་པ་དཔའ་བརྟུལ་སུམ་ཅུ་པོས་ན་མ་ཁྲུང་ཁྲུང་། །
བསད་བསད་ཁྲག་གི་འབབ་ལམ་དེས་ན་མ་ཁྲུང་ཁྲུང་། །
རྨ་ཆུ་རྒྱ་སྐྱེགས་ཁུ་བ་རེད་ན་མ་ཁྲུང་ཁྲུང་། །
ཆབ་རོམ་གྱང་དམར་བརྡུངས་བརྡུངས་རེད་ན་མ་ཁྲུང་ཁྲུང་། །
ན་ནིང་དགུན་ཁ་ཟིན་སོ་ན་ན་མ་ཁྲུང་ཁྲུང་། །
སྒར་མ་བཏབ་མཁར་རྫོང་བཟུང་ནས་ཐལ་ན་མ་ཁྲུང་ཁྲུང་། །
ནེའུ་ཆུང་ཧོར་ལ་བརྫངས་ནས་ཐལ་ན་མ་ཁྲུང་ཁྲུང་། །
འབུམ་དམག་ཧོར་ལ་ལོག་ནས་ཐལ་ན་མ་ཁྲུང་ཁྲུང་། །
ཞག་མ་དྲུག་གི་ནམ་ཕྱེད་ལ་ན་མ་ཁྲུང་ཁྲུང་། །
གླིང་གསེབ་དམག་གིས་བཀང་ལེ་བྱས་ན་མ་ཁྲུང་ཁྲུང་། །
ཚུར་ལ་ཕྱིར་རྗེས་ཕབ་ནས་བྱུང་ན་མ་ཁྲུང་ཁྲུང་། །
ཇ་མཁར་སྨུག་པོ་རྩེ་ནས་བཤིག་ན་མ་ཁྲུང་ཁྲུང་། །
ཇ་རྐང་ཕྱུག་མོའི་རྩ་བ་གཏོར་ན་མ་ཁྲུང་ཁྲུང་། །
སེང་ལྕམ་འབྲུག་མོ་བཙན་འཕྲོག་བྱས་ན་མ་ཁྲུང་ཁྲུང་། །
བསགས་པའི་ནོར་རྫས་གང་ཡོད་ཁྱེར་ན་མ་ཁྲུང་ཁྲུང་། །
དབང་བའི་གཏེར་ཟོག་གདན་ནས་དྲངས་ན་མ་ཁྲུང་ཁྲུང་། །
གསེར་པའི་ཁྲོ་རྒྱལ་བེར་དཀར་དང་ན་མ་ཁྲུང་ཁྲུང་། །
རྨུ་སྤྱང་ཉི་མ་ལྷུན་གྲུབ་གཉིས་ན་མ་ཁྲུང་ཁྲུང་། །
འདན་གྱི་གུ་རུ་རྒྱལ་མཚན་གསུམ་ན་མ་ཁྲུང་ཁྲུང་། །
དམར་བསད་ཁྲག་ལ་བསྒྲེས་ནས་ཐལ་ན་མ་ཁྲུང་ཁྲུང་། །
རྨུ་པའི་ཤེལ་དཀར་རྒྱང་གྲགས་དང་ན་མ་ཁྲུང་ཁྲུང་། །
འོམ་བུའི་སྤྱང་ཁྲི་རྔམ་ཆེན་གཉིས་ན་མ་ཁྲུང་ཁྲུང་། །
མི་རྒོད་མུན་པའི་བཙོན་ལ་བཟུང་ན་མ་ཁྲུང་ཁྲུང་། །
མཐོང་སྨོན་ལྷ་སྡེ་དཀར་པོ་དེ་ན་མ་ཁྲུང་ཁྲུང་། །
རམ་ནག་སེར་བས་བརྡུངས་འདྲ་བྱས་ན་མ་ཁྲུང་ཁྲུང་། །
དེ་རྒྱབ་ཉི་མའི་ཕྱི་རྟིང་ལ་ན་མ་ཁྲུང་ཁྲུང་། །
ཧོར་འབུམ་དམག་དུག་ཐང་གོང་བ་མནན་ན་མ་ཁྲུང་ཁྲུང་། །
འབྲུག་མོ་ཁྲིམས་ཤིང་རྩེ་ལ་བསྐྱོན་ན་མ་ཁྲུང་ཁྲུང་། །
གླིང་དམག་སྐྱ་རིང་ཁུགས་ལ་ཕབ་ན་མ་ཁྲུང་ཁྲུང་། །
ཕར་དགྲ་ཚུར་མདུང་བྱེད་ཅིང་ཡོད་ན་མ་ཁྲུང་ཁྲུང་། །
དེ་ནས་གེ་སར་སྙིང་མེད་པོ་ན་མ་ཁྲུང་ཁྲུང་། །
རྒྱ་གར་ཆོས་ཀྱི་རྒྱལ་པོ་ཁོ་ན་མ་ཁྲུང་ཁྲུང་། །
ཆོས་ག་དར་ཅིག་གདའ་གང་དགར་ཞོག་ན་མ་ཁྲུང་ཁྲུང་། །
གླིང་དཀར་པོའི་ཆོས་ཚུགས་ཞིག་ནས་ཐལ་ན་མ་ཁྲུང་ཁྲུང་། །
རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་ཁོང་ན་མ་ཁྲུང་ཁྲུང་། །
ཁྲིམས་ལས་ཤ་ཕ་རིའི་རྒྱབ་ལ་ཞོག་ན་མ་ཁྲུང་ཁྲུང་། །
གླིང་དཀར་པོའི་རྒྱལ་ཁྲིམས་འཐོར་ནས་ཐལ་ན་མ་ཁྲུང་ཁྲུང་། །
དབུས་ཀྱི་ཇོ་བོ་གསེར་ཞལ་དེ་ན་མ་ཁྲུང་ཁྲུང་། །
འཕེལ་འགྲིབ་ཡོད་པ་ག་ན་སྲིད་ན་མ་ཁྲུང་ཁྲུང་། །
གླིང་གི་གཏེར་ཟོག་ཤོར་ནས་ཐལ་ན་མ་ཁྲུང་ཁྲུང་། །
ཚོང་ཁེ་སྤོགས་ཟེར་བ་ཕ་ཚད་ཞོག་ན་མ་ཁྲུང་ཁྲུང་། །
ཕ་ཇུས་རལ་གྲི་ཤོར་ནས་ཐལ་ན་མ་ཁྲུང་ཁྲུང་། །
སོ་ནམས་གཞུང་དྲུག་ག་ན་ཡོད་ན་མ་ཁྲུང་ཁྲུང་། །
མཐོང་སྨོན་ཐང་སྟོང་བྱས་ནས་ཐལ་ན་མ་ཁྲུང་ཁྲུང་། །
གནའ་མི་བོད་ཀྱི་གཏམ་དཔེ་ལ་ན་མ་ཁྲུང་ཁྲུང་། །
ལྕང་དཀར་གསེབ་ན་བྱེའུ་ཆུང་འབེན་ན་མ་ཁྲུང་ཁྲུང་། །
སྣང་བདེ་བའི་ངང་ལ་འཁྱམས་ན་མ་ཁྲུང་ཁྲུང་། །
ཁྲ་ཧོར་པས་བྱེའུ་སྤུ་དགུང་ནས་གཏོར་ན་མ་ཁྲུང་ཁྲུང་། །
སྤང་སྔོན་ཟུར་ནས་མེ་ཏོག་འཁྲུངས་ན་མ་ཁྲུང་ཁྲུང་། །
མཛེས་ཤིང་འཚེར་བའི་ངང་ལ་ལྡེམ་ན་མ་ཁྲུང་ཁྲུང་། །
བ་མོ་གཅིག་གིས་འདབ་མ་གཏོར་ན་མ་ཁྲུང་ཁྲུང་། །
ནགས་མའི་གཞུང་ན་གཡང་དཀར་ཚོ་ན་མ་ཁྲུང་ཁྲུང་། །
རྩི་ཏོག་ཟས་ལ་མི་ཚེ་གཡེང་ན་མ་ཁྲུང་ཁྲུང་། །
ཨ་ཐོང་འདུར་གྱིས་ཁྱུ་སྣེ་གཏོར་ན་མ་ཁྲུང་ཁྲུང་། །
ཡར་ཁམས་བྱང་ལ་གེ་སར་ཤོར་ན་མ་ཁྲུང་ཁྲུང་། །
ནག་ཐོམ་མེ་ངང་ལ་ལོ་ཟླ་འདས་ན་མ་ཁྲུང་ཁྲུང་། །
ཀླུ་བཙན་ཆམ་ལ་ཕབ་རིང་ལ་ན་མ་ཁྲུང་ཁྲུང་། །
ཧོར་འབུམ་དམག་ཕམ་ཡང་གླིང་ཇུས་ཤོར་ན་མ་ཁྲུང་ཁྲུང་། །
དབུ་ནག་འགྲོ་བ་སྐྱོབ་སྐྱོབ་ནས་ན་མ་ཁྲུང་ཁྲུང་། །
རང་སྡེ་གླིང་དཀར་མི་སྐྱོབ་དོ་ན་མ་ཁྲུང་ཁྲུང་། །
ད་བཞུགས་མི་ཁོམ་འབྱོན་ལ་བཀོད་ན་མ་ཁྲུང་ཁྲུང་། །
ཉི་མ་དེ་རིང་མ་བྱོན་ན་ན་མ་ཁྲུང་ཁྲུང་། །
འབུམ་པའི་ཞལ་ལུ་དཀར་པོ་ཁོང་ན་མ་ཁྲུང་ཁྲུང་། །
ཤི་གསོན་ཅི་ཡོང་ཕྱེད་ཁ་ཡིན་ན་མ་ཁྲུང་ཁྲུང་། །
ཞལ་འཕྲད་ཨ་ཡོང་ཤེས་ལེ་མེད་ན་མ་ཁྲུང་ཁྲུང་། །