ཙུང་ཐུང་ཟུར་པ་འདི་བཙོན་གྲོལ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-29


         ཚེས་27ཉིན་ཁོ་རེ་ཡ་ལྷོ་མའི་ཁྲིམས་དོན་པུའུ་ཡིས། 2023ལོའི་ལོ་གསར་གྱི་དམིགས་བསལ་བཙོན་གྲོལ་མི་སྣའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཙུང་ཐུང་ཟུར་པ་ལི་མིང་པོ་ཟླ་འདིའི་ཚེས་28ཉིན་དམིགས་བསལ་བཙོན་གྲོལ་ཐོབ་རྒྱུ་རེད།

        ཁོ་རེ་ཡ་ལྷོ་མའི་ཁྲིམས་དོན་པུས་དེ་ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ལི་མིང་པོ་ཚུད་པའི་མི་1373ལ་ཟླ་འདིའི་ཚེས་28ཉིན་དམིགས་བསལ་བཙོན་གྲོལ་ཐོབ་རྒྱུ་དང་། དམིགས་བསལ་བཙོན་གྲོལ་གཏོང་རྒྱུའི་ཁྲོད་སྲིད་དོན་ལས་རིགས་མི་སྣ་དང་། གཞུང་ལས་མི་སྣ། འདེམས་བསྐོའི་བྱེད་སྒོའི་ནང་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་པའི་ཁྲིམས་ཆད་འཁུར་མཁན་སོགས་ཚུད་ཡོད་པ་རེད།

        ཚེས་27ཉིན་ཁོ་རེ་ཡ་ལྷོ་མའི་ཁྲིམས་དོན་པུའི་པུའུ་ཀྲང་ཧན་ཏུང་ཞུན་གྱིས། སྲིད་གཞུང་གིས་འདུམ་འགྲིག་དང་ཁོང་ཡངས་སོགས་མཐུན་སྒྲིལ་གྱི་རྒྱལ་དམངས་ཀྱི་ངོས་ནས་དམིགས་བསལ་བཙོན་གྲོལ་གཏོང་རྒྱུའི་གཏན་འབེབས་བྱས་པ་ཡིན་ཞིང་། དེར་བརྟེན་ནས་སྤྱི་ཚོགས་ཀྱི་འགལ་ཟླ་དང་འགལ་བ་སེལ་རྒྱུའི་རེ་བ་ཡོད་པ་བསྟན།

        ཁོ་རེ་ཡ་ལྷོ་མའི་མཉམ་འབྲེལ་གསར་འགྱུར་ཁང་སོགས་ཁོ་རེ་ཡ་ལྷོ་མའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལི་མིང་པོ་མིག་སྔར་གཟུགས་གཞིས་རྐྱེན་པས་གནས་སྐབས་ཁྲིམས་ཆད་འཁུར་མཚམས་བཞག་པ་དང་། དམིགས་བསལ་བཙོན་གྲོལ་ཐོབ་རྗེས། བཙོན་འཇུག་དུས་ཡུན་ལྷག་མ་ལོ་15དང་དངུལ་ཆད་སྤྲོད་མི་དགོས་པ་བཟོས་ཡོད།

        ལི་མིང་པོ་1941ལོར་སྐྱེས་པ་དང་། 2008ལོ་ནས་2013ལོ་བར་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་གི་འགན་བཞེས། 2020ལོའི་ཟླ་10པར། ཁོ་རེ་ཡ་ལྷོ་མའི་ཁྲིམས་ཁང་ཆེ་མོས(ཆེས་མཐོའི་ཁྲིམས་ཁང་)ལྐོག་རྔན་བླངས་པ་སོགས་ཀྱི་ཉེས་མིང་ཐོག་ནས། ལི་མིང་པོ་ལ་དུས་བཀག་བཙོན་འཇུག་ལོ་17བྱ་རྒྱུའི་མཐའ་མའི་ཁྲིམས་ཐག་བཅད་པ་རེད། ཁྲིམས་ཁང་གིས་ད་དུང་ལི་མིང་པོ་ཡིས་དངུལ་ཆད་སྤྲོད་པ་དང་འབྲེལ་ཉེས་པ་བསགས་ནས་ཐོབ་པའི་ཡོང་འབབ་བདའ་འདེད་གཏོང་རྒྱུའི་ཁྲིམས་ཐག་བཅད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1