༄༅། །དྲག་སྐྱེད་བྱུང་རྗེས་ལས་ཚོགས་སུ་འགྲོ་ན། དོན་དག་འདི་དྲུག་པོ་ལ་མཉམ་འཇོག་བྱ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 12-29



        ཉེ་དུས། མི་མང་བོ་ལ་པྲོག་གསར་ནད་དུག་འགོས་ནས་དྲག་སྐྱེད་བྱུང་རྗེས། བསྟུད་མར་ལས་ཚོགས་ལ་འགྲོ་བཞིན་ཡོད། དེ་ན། ཇི་ལྟར་བདེ་འཇགས་ངང་ལས་ཚོགས་སུ་འགྲོ་བའི་སྐོར་ལ། རིམས་འགོག་སྡེ་ཁག་གིས་ཕྱོགས་དྲུག་ནས་མཉམ་འཇོག་བྱ་དགོས་པའི་དྲན་སྐུལ་བྱས་ཡོད་པ་སྟེ།


        གཅིག ཁ་ཐུམ་བརྒྱག་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ།

        ལས་ཚོགས་ལ་འགྲོ་སྐབས། སྤྱི་སྤྱོད་རླངས་འཁོར་ལ་འདུག་པའམ་ཡང་ན་གློག་སྐས་སུ་འདུག་པ། ཡང་ན་གཞུང་སྒྲུབ་ལས་གནས་སུ་ཡོད་པ་གང་གི་སྐབས་སུའང་། ཁ་ཐུམ་ཡང་དག་ངང་བརྒྱག་དགོས།

        གཉིས། གཞུང་སྒྲུབ་ལས་གནས་ཀྱི་མཁའ་རླུང་འཁོར་རྒྱུག་ཡོད་པར་བྱ་དགོས་པ།

        རླུང་རྒྱུ་རུ་འཇུག་དུས། སྔོན་ལ་སྒེའུ་ཁུང་ཕྱེ་སྟེ་རང་བཞིན་ངང་རླུང་རྒྱུ་བར་བྱ་དགོས། ཆ་རྐྱེན་ཡོད་ན། རླུང་འཁོར་སོགས་བསྐོར་ཏེ་ཁང་བའི་ནང་གི་མཁའ་རླུང་འཁོར་རྒྱུག་ཐུབ་པར་བྱས་ཏེ། རླུང་གི་རྒྱུ་ཚད་འཕྲོད་བསྟེན་ཚད་གཞིའི་བླང་བྱ་ལ་མཐུན་པར་བྱ་དགོས།

        གསུམ། མི་སྒེར་གྱི་འཕྲོད་བསྟེན་ལེགས་པོར་བསྲུངས་ཏེ་ལག་པ་རྒྱུན་པར་བཀྲུ་དགོས་པ།

        ལས་སྒྲུབ་བྱ་ཡུལ་དུ་ཐོན་རྗེས། སྔོན་ལ་ལག་པ་གཙང་མར་བཀྲུ་དགོས། བྱ་བ་སྒྲུབ་སྐབས། མྱུར་སྐྱེལ་ལེན་དུ་སོང་བའམ་ཡང་ན་གད་སྙིགས་གཙང་སྦྲ་བྱེད་པ། ཡང་ན་ཟ་མ་ཟ་བའི་སྔ་གཞུག་གང་ལའང་ལག་པ་གཙང་མར་བཀྲུ་བའམ་ཡང་ན་དུག་སེལ་བྱ་དགོས། གཙང་མ་མིན་པའི་ལག་པ་ཡིས་ཁ་དང་སྣ། མིག་བཅས་ལ་ཐུག་རེག་བྱེད་མི་རུང་། ཕྱི་རོལ་ཡུལ་ནས་རང་ཁྱིམ་དུ་ཐོན་ནའང་། ངེས་པར་དུ་ལག་པ་གཙང་མར་བཀྲུ་དགོས།

        བཞི། སྡོད་ཡུལ་གྱི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས་པ།

        སྡོད་ཡུལ་གྱི་གཙང་སྦྲ་རྒྱུན་འཁྱོངས་བྱས་ཏེ་དུས་ཐོག་ཏུ་གད་སྙིགས་གཙང་སེལ་བྱ་དགོས་པ་དང་། གློག་སྐས་ཀྱི་འཐེབ་ནོན་དང་གཞུང་སྒྲུབ་ཅོག་ཙེ། ཚོགས་འདུའི་ཅོག་ཙེ། བཤད་སྦུག སྒོ་ཟུངས་སོགས་སྤྱི་སྤྱོད་དངོས་པོ་ལ་དུག་སེལ་དང་གཙང་སྦྲ་ཤུགས་སྣོན་བྱ་དགོས།

        ལྔ། བདེ་འཇགས་ངང་ཟ་མ་ཟ་བ།

        ལས་ཁུངས་ཀྱི་ཟ་ཁང་ནས་ཟ་མ་ཟ་སྐབས། མི་མང་ཡོད་དུས་དང་གཡོལ་དགོས་ལ། ཟས་སྣོད་སོགས་མི་གཅིག་གིས་སྤྱད་ན་དུག་སེལ་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ཟ་མ་ལེན་པའམ་ཡང་ན་ཟ་བའི་སྐབས། ལག་པའི་གཙང་སྦྲ་ལ་མཉམ་འཇོག་བྱེད་པ་དང་། བདེ་འཇགས་ཀྱི་འབྲེལ་འདྲིས་བར་ཐག་ཡོད་དགོས། ཟ་མ་ཟ་དུས། ཐར་ཐོར་ངང་འདུག་པ་ལས། འདུས་ནས་འདུག་པ་དང་ཁ་བརྡ་བྱེད་པ། ཕན་ཚུན་ངོ་གཏད་ནས་འདུག་པ་སོགས་བྱེད་མི་རུང་།

        དྲུག “གདགས་གཤིས་ཡིན་པ”ཕྱིར་སྲིབ་གཤིས་སུ་གྱུར་པ་ཡིན་ནའང་འགོག་སྲུང་ལེགས་པོ་བྱ་དགོས་པ།

        མིག་སྔར་ནི་དགུན་དུས་ཀྱི་དབུགས་ལམ་འགོས་ནད་འབྱུང་རྒྱུ་མང་བའི་དུས་ཡིན། པྲོག་གསར་ནད་དུག་མ་ཟད། ད་དུང་འགོས་ནད་གཞན་པའང་མཆེད་བཞིན་ཡོད།

        པྲོག་གསར་ནད་དུག་འགོས་པ་དྲག་སྐྱེད་བྱུང་རྗེས། ད་དུང་སྔར་བཞིན་དབུགས་ལམ་འགོས་ནད་འབྱུང་བ་ལ་སྔོན་འགོག་གི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། ཕྱིར་ལས་ཚོགས་སུ་ཞུགས་པ་ཡིན་ན། མི་མང་བའི་ས་ཆ་ནས་ཁ་ཐུམ་བརྒྱག་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། ལག་པའི་གཙང་སྦྲ་ལ་མཉམ་འཇོག་བྱས་ཏེ་གློ་ལུ་བ་དང་ཧབ་སྦྲིད་རྒྱག་པ་སོགས་ཡིན་ན། གྲུ་མོའམ་ཡང་ན་གཙང་ཤོག་གིས་ཁ་སྣ་དགབ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1